དེ་བས་ན་ལྟོས་ཤིག ཉིན་མོ་དེ་རྣམས་དང་དུས་དེའི་ནང་དུ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གཉིས་བཙོན་ལས་སླར་ཟློག་པའི་ཚེ།  ངས་མི་རིགས་ཐམས་ཅད་བསྡུས་ནས། ཡེ་ཧོ་ཤ་ཕད་ཀྱི་ལུང་པར་ཕབ་སྟེ། དེ་དག་གིས་ངའི་མི་སྡེ་དང་ངའི་ནོར་སྐལ་ཨིས་ར་ཨེལ་ནི་མི་རིགས་རྣམས་ཀྱི་ནང་ན་ཡན་དུ་བཅུག་ནས། ངའི་ཡུལ་ཁམས་རང་གི་ནང་ན་བགོ་བཤའ་བྱས་པའི་ཕྱིར་རྩོད་པར་བྱའོ།  འོ་ན་ངའི་མི་སྡེ་ལ་རྒྱན་བརྒྱབས་ཏེ། སྨད་འཚོང་མ་ཞིག་གི་ཚབ་ཏུ་བུ་ཞིག་བཏང་། འཐུང་བྱའི་རྒུན་ཆང་གི་ཕྱིར་བུ་མོ་ཞིག་བཙོངས།
 ད་དུང་ཁྱོད་དང་ང་ལ་དོན་ཅི་ཡོད། ཀྱེ་ཚོར་དང་། ཚི་དོན་དང་ཕེ་ལེ་ཤེད་ཀྱི་ཡུལ་འཁོར་རྣམས། ཁྱོད་ཀྱིས་ང་ལ་ལན་གཞལ་ལམ། ཇི་སྟེ་འཇལ་ན། ངས་མགྱོགས་པར་ཁྱོད་ཀྱི་ལན་དེ་ནི་ཁྱོད་རང་གི་མགོ་ལ་ཕྱིར་ཟློག་པར་བྱའོ།  དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ངའི་དངུལ་དང་གསེར་ཁྱེར་ནས། ངའི་ཡིད་དུ་འོང་བའི་རྫས་རྣམས་ཁྱེར་ཏེ་རང་གི་ལྷ་ཁང་རྣམས་སུ་བཞག  ཁྱོད་ཀྱིས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་བུ་ཕྲུག་རྣམས་ཀྱང་རང་གི་ཡུལ་མཚམས་ནས་རྒྱང་རིང་སྐྲད་པའི་ཕྱིར་ཧེལ་ལེན་པ་རྣམས་ལ་བཙོངས།  ལྟོས་ཤིག ཁྱོད་ཀྱིས་བཙོངས་པའི་གནས་དེ་རང་ལས་ངས་དེ་རྣམས་བསླངས་ཏེ། ཁྱོད་ཀྱི་ལན་དེ་ནི་ཁྱོད་རང་གི་མགོ་ལ་ཕྱིར་ཟློག་པར་བྱ་སྟེ།  ཁྱོད་ཀྱི་བུ་དང་བུ་མོ་རྣམས་ཡ་ཧུ་དཱའི་བུ་རྣམས་ལ་འཚོང་བ་དང་། དེ་དག་གིས་དེ་རྣམས་ས་ཐག་རིང་པོར་གནས་པའི་ཤེ་བཱ་པ་རྣམས་ལ་འཚོང་བར་འགྱུར་རོ། གང་ལ་ཞེ་ན། ཡ་ཧོ་ཝཱས་དེ་གསུངས་སོ༎
 ཕྱི་པའི་མི་བརྒྱུད་རྣམས་ཀྱི་ནང་དུ་བཀར་ཐོགས་ཤིང་དེ་དག་ལ། དམག་ཤོམ་ཞིག གྱད་པ་རྣམས་སློངས་ཤིག དམག་གི་སྐྱེ་བོ་དག་ཉེ་བར་ཁུག་ལ་དམག་ཐེག་ཅིག ༡༠ རང་གི་རྨོ་ལྕགས་བརྡུངས་ནས་རལ་གྲི་དང་། ཟོར་བ་རྣམས་ལ་མདུང་བཟོས་ལ། སྟོབས་ཞན་པས་ང་རེམ་མོ་ཞེས་ཟེར་དུ་ཆུག་ཅིག་ཅེས་སྨྲོས་ཤིག ༡༡ ཀྱེ་ཉེ་འཁོར་གྱི་མི་བརྒྱུད་ཐམས་ཅད་མྱུར་པོར་ཤོག་ལ་འདུས་ཤིག ཁྱེད་ཀྱི་དཔའ་བོ་རྣམས་དེར་འབབ་པའི་ཐབས་མཛོད་ཅིག ཀྱེ་ཡ་ཧོ་ཝཱ། ༡༢ མི་བརྒྱུད་རྣམས་བསླངས་ཏེ། ཡེ་ཧོ་ཤ་ཕད་ཀྱི་ལུང་པར་ཡར་འོང་དུ་ཆུག དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཞིའི་མི་བརྒྱུད་ཐམས་ཅད་ཀྱི་ཞལ་ཆེ་གཅད་དུ་ང་དེར་གདན་ཆགས་པར་བྱའོ། ༡༣ ཞིང་སྨིན་པས་ཟོར་བ་རྒྱོབ། འཆག་གཞོང་གང་བས་ཤོག་ལ་རྫིས་ཤིག ཟོམ་རྣམས་ལུད་དོ། ཅི་ལ་ཟེར་ན། དེ་དག་གི་སེམས་ངན་རྒྱ་ཆེའོ༎
༡༤ ཐག་ཆོད་པའི་ལུང་པ་ན་མི་ཚོགས་ཀྱི་ཁར་མི་ཚོགས་གདའ། དེ་ཅིའི་ཕྱིར་ཞེ་ན། ཐག་ཆོད་པའི་ལུང་པར་ཡ་ཧོ་ཝཱའི་ཉིན་མོ་དེ་ཉེའོ། ༡༥ ཉི་མ་དང་ཟླ་བ་འགྲིབ་ཅིང་། སྐར་མ་རྣམས་ཀྱིས་རང་འོད་མི་སྣང་ངོ་། ༡༦ དེའང་ཡ་ཧོ་ཝཱས་ཙི་ཨོན་ན་གསུང་སྒྲ་སྒྲོག་ཅིང་། ཡེ་རུ་ཤ་ལེམ་ནས་གསུང་སྐད་འདོན་ནོ། ནམ་མཁའ་དང་ས་གཞི་འདར་བར་འགྱུར། འོན་ཀྱང་ཉིད་ཀྱི་མི་སྡེའི་རེ་ས་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་རྫོང་བཙན་པོ་ནི་ཡ་ཧོ་ཝཱ་ལགས་སོ། ༡༧ དེ་ལྟར་ངའི་དམ་པའི་རི་བོ་ཙི་ཨོན་ན་མཆིས་པའི་ཡ་ཧོ་ཝཱ་ང་ནི་ཁྱོད་ཀྱི་དཀོན་མཆོག་ལགས་པ་རྟོགས་ཤིང་། ཡེ་རུ་ཤ་ལེམ་དམ་པར་འགྱུར་ཞིང་། སླར་རྒྱལ་ཁམས་པ་རྣམས་དེའི་ནང་ནས་རྒྱུ་བར་མི་འགྱུར་རོ༎
༡༨ ཉིན་དེ་རང་དུ་རི་བོ་རྣམས་ལས་རྒུན་ཆང་མངར་བ་འཛག་ཅིང་། རི་ཕྲན་རྣམས་ལས་འོ་མ་འབྲུབ་པ་དང་། ཡ་ཧུ་དཱའི་གྲོག་པོ་ཐམས་ཅད་ཆུ་རྣམས་ཀྱིས་གང་ཞིང་། ཡ་ཧོ་ཝཱའི་ཕོ་བྲང་ལས་ཆུ་མིག་བརྡོལ་ཞིང་། ཤིད་ཏིམ་ལུང་པ་འཆུ་བར་འགྱུར། ༡༩ མི་སེར་སྟོང་པ་དང་། ཨེ་དོམ་དབེན་པའི་འབྲོག་སྟོང་དུ་འགྱུར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱའི་བུ་རྣམས་ལ་མགོ་ནོན་བཏང་སྟེ། དེའི་ཡུལ་ནང་ནོངས་མེད་པའི་ཁྲག་ཕོས་པའི་ཕྱིར་རོ། ༢༠ འོན་ཀྱང་ཡ་ཧུ་དཱ་རྒྱུན་དུ་དང་། ཡེ་རུ་ཤ་ལེམ་ནི་མི་རབས་ནས་མི་རབས་སུ་གནས་པར་འགྱུར། ༢༡ ཡང་ངས་མི་གཙང་བར་དགོངས་པའི་དེ་དག་གི་ཁྲག་ནི་གཙང་མར་དགོངས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ནི་ཙི་ཨོན་ལ་བཞུགས་པའི་ཕྱིར་རོ༎ ༎