ཡ་ཧོ་ཝཱས་འདི་སྐད་གསུང་ངོ་། མོ་ཨབ་ཀྱི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེས་ཨེ་དོམ་གྱི་རྒྱལ་པོའི་རུས་པ་རྣམས་བསྲེགས་ནས་དཀར་རྩི་བྱས་པས།  ངས་མོ་ཨབ་ལ་མེ་བརྫངས་ནས། དེས་ཁེར་ཡོད་ཀྱི་རྒྱལ་ཁབ་རྣམས་ཟ་བར་འགྱུར། ཡང་མོ་ཨབ་ཟང་ཟིང་དང་ཀུ་སྒྲ་འབྱིན་ཞིང་། དུང་འབུད་པའི་དཀྱིལ་དུ་འཆི་བར་འགྱུར།  ཡང་ངས་དེའི་དཀྱིལ་ནས་དེའི་སྐུ་དྲག་ཐམས་ཅད་དང་ལྷན་ཅིག་ཏུ་དེའི་ཁྲིམས་དཔོན་འགུམ་པར་བྱའོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ཡ་ཧུ་དཱའི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡ་ཧོ་ཝཱའི་བཀའ་ཁྲིམས་ཁྱད་དུ་སད་དེ། བཀའ་རྒྱ་རྣམས་མ་སྲུང་བར། དེའི་ཕ་རྣམས་བྲངས་པའི་རྫུས་མ་རྣམས་ཀྱིས་དེ་རྣམས་ལམ་ལས་གོལ་དུ་བཅུག་པས།  ངས་ཡ་ཧུ་དཱ་ལ་མེ་བརྫངས་ནས། དེས་ཡེ་རུ་ཤ་ལེམ་གྱི་རྒྱལ་ཁབ་རྣམས་ཟ་བར་འགྱུར་རོ༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ཨིས་ར་ཨེལ་གྱི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མི་དྲང་པོ་དངུལ་གྱི་ཕྱིར་དང་། མི་དབུལ་པོ་ལྷམ་ཟུང་གཅིག་ལ་བཙོངས།  དེ་དག་གིས་དབུལ་ཕོངས་ཀྱི་མགོའི་རྡུལ་ལའང་སྲེད་དེ། ཁ་དམན་རྣམས་ལམ་ནས་ཟློག ངའི་མཚན་དམ་པ་སླད་པའི་ཕྱིར་སྐྱེས་པ་དང་དེའི་ཕ་གཉིས་པོས་ན་ཆུང་གཅིག་ལ་སྤྱོད།  མཆོད་ཁྲི་རེའི་མདུན་དུ་གཏའ་མའི་གོས་རྣམས་ཀྱི་ཁར་ཉལ་ཏེ། རང་གི་ལྷ་ཁང་ན་ཆད་པར་ཐོབ་པའི་རྒུན་ཆང་འཐུང་ངོ་།  འོན་ཀྱང་ངས་དེ་དག་གི་མདུན་དུ་འགྱམ་ཤིང་བཞིན་མཐོ་ལ། བེ་ཤིང་བཞིན་སྲད་ཅན་གྱི་ཨ་མོར་པ་ཚར་དུ་བཅད་ཅིང་། ང་ཉིད་ཀྱིས་སྟེང་ནས་དེའི་འབྲས་བུ་དང་། འོག་ནས་དེའི་རྩ་བ་བཅད་དོ། ༡༠ ཨ་མོར་པའི་ཡུལ་ཁམས་ཁྱོད་ཀྱིས་དབང་བའི་ཕྱིར་ང་ཉིད་ཀྱིས་ཁྱོད་མི་སེར་ཡུལ་ནས་ཕྱུང་སྟེ། ལོ་ངོ་བཞི་བཅུར་ཁྱོད་འབྲོག་སྟོང་ན་ཁྲིད། ༡༡ ངས་ཁྱོད་ཀྱི་བུ་རྣམས་ལས་ལུང་སྟོན་པ་དང་། ཁྱོད་ཀྱི་གཞོན་ནུ་རྣམས་ལས་སྡོམ་པ་ལྡན་པ་རྣམས་བསླངས། ཀྱེ་ཨིས་ར་ཨེལ་གྱི་བུ་རྣམས་དེ་མི་བདེན་ནམ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༢ འོན་ཀྱང་ཁྱོད་ཀྱིས་སྡོམ་པ་དང་ལྡན་པ་རྣམས་ལ་རྒུན་ཆང་བསྟེར་ཏེ། ལུང་སྟོན་པ་རྣམས་ལ་ལུང་མ་སྟོན་ཞིག་ཅེས་ནན་གྱིས་བསྐུལ་ཏོ༎
༡༣ ལྟོས་ཤིག པང་ཁོད་མང་དུ་བཀལ་བའི་ཤིང་རྟས་ནོན་པ་ལྟར་ངས་ཁྱོད་རང་གི་གནས་སུ་གནན་ནོ། ༡༤ དེ་ནས་མགྱོགས་པའི་མི་ལ་འབྲོས་ས་མ་བརྙེད་པར། སྟོབས་པོ་ཆེའི་སྟོབས་ཁུམས་ནས། གྱད་པས་རང་སྲོག་སྐྱོབ་པར་མི་བྱ། ༡༥ གཞུ་འཐེན་མཁན་ས་ལ་མི་འཁད། བང་ཅན་བང་གིས་མི་ཐར། རྟ་ལ་ཞོན་མཁན་གྱིས་རང་ཐར་བར་མི་ནུས་སོ། ༡༦ དཔའ་བོའི་ནང་ནས་སྙིང་སྟོབས་དང་ལྡན་པ་དེ་ཉིན་མོ་དེར་གཅེར་བུར་འབྲོས་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎