༣
ཀྱེ་ཨིས་ར་ཨེལ་གྱི་བུ་རྣམས། ཡ་ཧོ་ཝཱས་ཁྱོད་ཅག་གམ། མི་སེར་ཡུལ་ནས་ཕྱིར་བཏོན་པའི་མི་བརྒྱུད་ཀྱི་སྐོར་དུ་གསུང་བའི་གཏམ་འདི་ལ་ཉོན་ཞིག ༢ སའི་མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་ངས་ཁྱོད་འབའ་ཞིག་གི་ངོ་ཤེས་པས་ན། ཁྱོད་ཀྱི་མི་ཚངས་པ་ཀུན་གྱི་ཕྱིར་ངས་ཆད་པས་གཅད་དོ། ༣ མི་གཉིས་ཁ་མ་འཆམ་པར་ལྷན་ཅིག་ཏུ་འདོང་བར་སྲིད་དམ། ༤ སེང་གེ་ལ་ལེངས་མ་ཐོབ་པའི་ཚེ། ནགས་ཀྱི་ནང་ན་ངར་སྐད་སྒྲོག་པར་བྱེད་དམ། སེང་དར་མས་ཅིའང་མ་འཛིན་པར་ཕུག་པའི་ནང་ནས་ང་རོ་སྒྲོག་གམ། ༥ ས་ལ་རྙི་མ་འཛུགས་པར་བྱ་ཞིག་རྙིར་འཁད་སྲིད་དམ། རྙིར་ཅིའང་མ་འཁད་པར་དེ་ས་ལས་འཕར་སྲིད་དམ། ༦ གྲོང་ཁྱེར་ན་དམག་དུང་འབུད་པ་ལ་མི་རྣམས་མི་འདར་རམ། ཡ་ཧོ་ཝཱས་མ་གནང་བར་ཡུལ་དུ་བར་ཆད་འབབ་བམ། ༧ ཡ་ཧོ་ཝཱ་གཙོ་བོས་ཉིད་ཀྱི་ཞབས་སྟེགས་པའི་ལུང་སྟོན་པ་རྣམས་ལ་ཉིད་ཀྱི་གསང་བ་མངོན་དུ་མཛད་པའི་གོང་དུ་ཕྲིན་ལས་གང་ཡང་ཁྱོན་ནས་མཛད་པར་མི་འགྱུར་རོ༎༨ སེང་གེས་ངར་སྐད་བསྒྲགས་ནས། མི་འཇིགས་པའི་མི་སུ་ཡོད། ཡ་ཧོ་ཝཱ་གཙོ་བོས་གསུངས་ནས། ལུང་མི་སྟོན་པའི་མི་སུ་ཡོད།
༩ ཨས་དོད་ཀྱི་རྒྱལ་ཁབ་དང་མི་སེར་ཡུལ་གྱི་རྒྱལ་ཁབ་རྣམས་ཀྱི་ནང་དུ་བཀའ་སྒྲོག་ཅིང་འདི་སྨྲོས་ཤིག ས་མར་ཡཱའི་རི་བོ་རྣམས་ལ་ཁྱོད་ཅག་རང་འདུས་ཤིག་དང་། དེའི་ནང་ན་ཡོད་པའི་འཁྲུག་ལོང་དང་། དེའི་དཀྱིལ་ན་ཡོད་པའི་མནར་པོ་རྣམས་ལ་ལྟོས་ཤིག ༡༠ དེ་ཅིའི་ཕྱིར་ཞེ་ན། རང་གི་རྒྱལ་ཁབ་རྣམས་ན་དབང་ཆོས་དང་འཕྲོག་ཆོམ་སོག་པའི་མི་དེ་རྣམས་ཀྱིས་དྲང་པོ་སྤྱོད་པ་མི་ཤེས་སོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༡ དེས་ན་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཕ་རོལ་པས་ཡུལ་དེ་ཕྱོགས་བཞི་ནས་བསྐོར་ཏེ། ཁྱོད་ཀྱི་སྟོབས་བརྡབ་ཅིང་། རྒྱལ་ཁབ་རྣམས་ལ་ཧབ་ཐོབ་བརྒྱབ་འོང་། ༡༢ ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་ལྟར་རྫི་བོས་སེང་གེའི་ཁ་ལས་རྐང་པ་གཉིས་སམ་རྣ་བའི་དུམ་བུ་ཞིག་ཐོབ་པ་བཞིན་དུ། ས་མར་ཡཱའི་ནང་མལ་སའི་ཟུར་ལ་གནས་པ་དང་། གོས་ཆེན་གྱི་སྔས་འབོལ་ཁར་མལ་ཁྲིར་སྡོད་པའི་ཨིས་ར་ཨེལ་གྱི་བུ་རྣམས་བསྒྲལ་བར་འགྱུར་རོ༎
༡༣ ཁྱོད་ཅག་ཉོན་ལ། ཡ་ཀོབ་ཀྱི་མི་བརྒྱུད་ལ་དཔང་པོ་བྱོས་ཤིག་ཅེས་ཡ་ཧོ་ཝཱ་གཙོ་བོ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་གིས་གསུང་ངོ་། ༡༤ ཨིས་ར་ཨེལ་གྱི་ཉེས་ལྟུང་གི་ཕྱིར་ངས་ཆད་པས་གཅོག་པའི་ཉིན་པར་བེད་ཨེལ་གྱི་མཆོད་ཁྲི་རྣམས་ལའང་ཆད་པ་གཅད་དོ། ཡང་མཆོད་ཁྲི་དེའི་རྭ་རྣམས་གཅད་དེ་ས་ལ་ལྟུང་བར་འགྱུར་རོ། ༡༥ ཡང་ངས་དགུན་ཁང་ནི་དབྱར་ཁང་དང་བཅས་སུ་འཇིག་པར་བྱ་ཞིང་། བ་སོའི་རྒྱལ་ཁབ་རྣམས་ཀྱང་འཇིག་ཅིང་། ཁང་པ་ཆེ་ཆེ་རྣམས་མེད་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎