ས་མར་ཡཱའི་རི་ལ་གནས་པ་དང་། དབུལ་པོ་ལ་འཚེ་ཞིང་འཕོངས་པ་རྣམས་རྫི་ཞིང་། ངེད་ལ་བཏུང་བ་དྲོངས་ཤིག ཅེས་རང་གི་བདག་པོ་རྣམས་ལ་ཟེར་བའི་བཱ་ཤན་གྱི་བ་ཁྱོད་རྣམས་གཏམ་འདི་ལ་ཉོན་ཞིག  ཡ་ཧོ་ཝཱ་གཙོ་བོས་ཉིད་ཀྱི་དམ་པ་ཉིད་ཀྱི་དབུ་མནའ་བཞེས་ཤིང་། ལྟོས་ཤིག ཁྱོད་ཅག་ལྕགས་ཀྱུ་དང་། ཁྱོད་ཀྱི་བུ་ཕྲུག་རྣམས་ཉ་ཁུག་གིས་འདྲུད་འཁྱེར་བའི་ཉིན་མོ་རྣམས་ལ་འབབ་པར་འགྱུར།  ཡང་ཁྱོད་རེ་རེ་བཞིན་དྲང་པོར་བུག་པ་རྣམས་རྒྱུད་ནས་འབྲོས་ཤིང་། ཧར་མོན་ནང་ལྕེབ་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
 བེད་ཨེལ་དུ་འོང་ལ་ངོ་ལོག་བྱོས་ཤིག གིལ་གལ་ན་གདེང་ལོག་མང་བར་བྱོས་ཤིག ནང་རེ་བཞིན་རང་གི་མཆོད་པ་དྲོངས་ལ། ཞག་གསུམ་བར་ལ་བཅུ་ཁག་ཕུལ་ཞིག  གཏང་རག་གི་མཆོད་པ་ཞིག་རུ་མ་བཅས་ཕུལ་ཞིག རང་འཐད་ཀྱི་མཆོད་པ་རྣམས་ཀྱི་ཕྱིར་སྐད་ཐོང་ལ་དར་བར་བྱོས་ཤིག དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་བུ་ལ་ཁྱོད་དགའོ། ཀྱེ་ཨིས་ར་ཨེལ་གྱི་བུ་རྣམས། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
 ཡང་ངས་ཁྱོད་ཅག་གི་གྲོང་ཁྱེར་ཐམས་ཅད་ན་ཁྱོད་ཚོར་དག་པའི་སོ་རྣམས་དང་། གནས་ས་ཐམས་ཅད་ན་ཟན་དཀོན་གནང་བའི་སྟེང་དུའང་ཁྱོད་ངའི་ཕྱོགས་སུ་མ་འཁོར་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  དེས་མ་ཟད་སྟོན་ཐོག་སྨིན་དུ་ཟླ་བ་གསུམ་ལུས་པའི་ཚེ་ངས་ཁྱོད་ལས་ཆར་ཆུ་བཅད་ནས། གྲོང་ཁྱེར་གཅིག་ལ་ཆར་པ་ཕབ་སྟེ། གྲོང་ཁྱེར་གཞན་ལ་ཆར་པ་མ་མངགས། ས་ཆ་གཅིག་ལ་ཆར་པ་བབས་ཏེ། ས་ཆ་གཞན་ལ་ཆར་པ་མ་བབ་པས་དེ་སྐམ་པས།  གྲོང་ཁྱེར་གཉིས་གསུམ་འཁྱམས་ཏེ། ཆུ་འཐུང་དུ་གྲོང་ཁྱེར་གཅིག་ཏུ་འོངས་ཀྱང་མ་ངོམས། དེ་ནས་ཀྱང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ངས་ཁྱོད་ལ་གྲོ་ནག་དང་སྙེ་དཀར་གྱིས་བརྡུངས་ཏེ། ཁྱོད་ཅག་གི་ལྡུམ་ར་དང་། རྒུན་ཚལ་དང་། སེ་ཡབ་ཤིང་དང་། ཁ་སྐྱུར་པོའི་ཤིང་མང་པོ་ཆ་ག་འབུས་བཟས་སོ། དེ་ནས་ཀྱང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༠ མི་སེར་ཡུལ་ན་ཡོད་པ་དང་འདྲ་བའི་རིམས་ནད་ངས་ཁྱོད་ཀྱི་ཁྲོད་དུ་བཏང་། ཡང་ངས་ཁྱོད་ཀྱི་གཞོན་ནུ་རྣམས་རལ་གྲིས་བསད་དེ། ཁྱོད་ཀྱི་རྟ་རྣམས་བཅོམ་ནས། ཁྱོད་ཀྱི་དམག་སྒར་གྱི་དྲི་ངན་ངས་ཁྱོད་རང་གི་སྣ་ཁུང་དུ་སླེབ་ཏུ་བཅུག དེ་ནས་ཀྱང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༡ དཀོན་མཆོག་གིས་སོ་དོམ་དང་གོ་མོ་རཱ་རློག་པར་མཛད་པ་བཞིན་དུ་ངས་ཁྱོད་ལས་འགའ་ཞིག་ས་ལ་བརྡབས། ཡང་མེ་འབར་བ་ལས་ཕྱུང་བའི་མགལ་པ་དང་འདྲ་པར་ཁྱོད་ཡོད་པ་ཡིན། དེ་ནས་ཀྱང་ཁྱོད་རྣམས་ངའི་ཕྱོགས་སུ་མ་འཁོར་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༢ དེ་བས་ན་ཀྱེ་ཨིས་ར་ཨེལ། ངས་ཁྱོད་ལ་འདི་བཞིན་དུ་བྱའོ། ཡང་ངས་ཁྱོད་ལ་དེ་ལྟར་བྱ་བས་ན། ཁྱོད་རང་གི་དཀོན་མཆོག་དང་མཇལ་བའི་གྲབས་གྱིས་ཤིག ཀྱེ་ཨིས་ར་ཨེལ ༡༣ དེ་ཅིའི་ཕྱིར་ཞེ་ན། ལྟོས་ཤིག རི་བོ་རྣམས་མཛད་མཁན་དང་། རླུང་བཀོད་མཁན་དང་། ཉིད་ཀྱི་དགོངས་པ་མི་ལ་མངོན་དུ་མཛད་མཁན་དང་། སྔ་དྲོ་མུན་པར་མཛད་མཁན་དང་། ས་གཞིའི་གནས་མཐོན་པོ་རྣམས་ཀྱི་སྟེང་ན་ཞབས་འཆག་མཁན། ཁོང་ཉིད་ཀྱི་མཚན་ནི་ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་ལགས་སོ༎