༥
ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད། ངས་ཁྱོད་ཀྱི་དོན་དུ་སྨྲ་བའི་ཚིག་ཞེས་ན་སྨྲེ་སྔགས་འདི་ལ་ཉོན་ཞིག ༢ ཨིས་ར་ཨེལ་གྱི་ན་ཆུང་ལྷུང་སྟེ། སླར་ལང་བར་མི་འགྱུར། མོ་རང་གི་ས་ཆར་བརྡབས་ནས་ཡོད་དེ། སློང་མཁན་སུའང་མེད། ༣ དེ་ཅིའི་ཕྱེར་ཞེ་ན། ཡ་ཧོ་ཝཱ་གཙོ་བོས་འདི་ལྟར་གསུང་། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་ནང་ནས་སྟོང་ཕྲག་ཅིག་འཐོན་པའི་གྲོང་ཁྱེར་ལས་བརྒྱ་ཕྲག་ཅིག་དང་། བརྒྱ་ཕྲག་ཅིག་འཐོན་པའི་གྲོང་ཁྱེར་ལས་བཅུ་ཕྲག་ཅིག་ལུས་འོང་།༤ གང་ལ་ཞེ་ན། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་མི་བརྒྱུད་ལ་འདི་སྐད་གསུང་། ང་ཚོལ་ཞིག་དང་ཁྱོད་འཚོ་བར་འགྱུར། ༥ འོན་ཀྱང་བེད་ཨེལ་མ་ཚོལ། གིལ་གལ་དུའང་མ་ཞུགས། བེ་ཨེར་ཤེ་བཱ་རུ་ཕར་མ་འགྲོ་ཞིག ཅི་ལ་ཟེར་ན། གིལ་གལ་བཙོན་པར་འགྱུར་བ་ངེས་ཏེ། བེད་ཨེལ་ཅང་མེད་དུ་འགྱུར་བ་འགྱུར། ༦ ཡ་ཧོ་ཝཱ་ཚོལ་ཞིག་དང་ཁྱོད་འཚོ་བ་འགྱུར། དེ་མིན་ཁོང་ཡོ་སེབ་ཀྱི་ཁྱིམ་ན་མེ་ལྟར་འབར་ནས་དེ་ཟ་ཞིང་། བེད་ཨེལ་ན་མེ་དེ་གསོད་མཁན་སུའང་ཡོད་པར་མི་འགྱུར་རོ། ༧ ཤགས་ཁན་པར་བསྒྱུར་ཞིང་། དྲང་བ་ཉིད་ས་ལ་རྡབ་མཁན་ཁྱོད་རྣམས། ༨ གང་གིས་སྨིན་དྲུག་དང་སྐར་མ་དྲང་སྲོང་བཀོད་མཁན་དང་། མུན་གྲིབ་ཐོ་རངས་སུ་སྒྱུར་མཁན་དང་། ཉིན་མོ་མུན་པའི་མཚན་དུ་མཛད་མཁན་དདང་། རྒྱ་མཚོའི་ཆུ་རྣམས་ལ་འབོད་ཅིང་། ས་གཞིའི་ངོས་ལ་བླུག་མཁན། ཁོང་ཚོལ་ཞིག ཁོང་གི་མཚན་ནི་ཡ་ཧོ་ཝཱ་ལགས་སོ། ༩ ཁོང་གིས་མཐུ་ལྡན་རྣམས་གློ་བུར་དུ་སྟོངས་པར་མཛད་པས། རྫོང་བཙན་པོར་རྐྱེན་ངན་འབྱུང་ངོ་༎
༡༠ དེ་དག་གིས་རྒྱ་སྒོར་བཀྱོན་པ་ལ་འཁོན་དུ་འཛིན་ཏེ། བདེན་ཚིག་སྨྲ་བ་ལ་ཞེན་པ་ལོག ༡༡ དེའང་ཁྱོད་ཅག་གིས་དབུལ་པོ་རྫི་ཞིང་། དེ་ལས་གྲོའི་བསྡུ་བྱ་རྣམས་འཕྲོག་ནས་ལེན་ཞིང་། བཞོགས་པའི་རྡོ་ལས་ཁྱིམ་བརྩིགས་ཀྱང་། དེ་དག་ན་གནས་པར་མི་འགྱུར། ཁྱོད་ཅག་གིས་སྙིང་ལ་སྡུག་པའི་རྒུན་ཚལ་རྣམས་བཙུགས་ཀྱང་། དེའི་རྒུན་ཆང་འཐུང་མི་འོང་། ༡༢ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མི་ཚངས་པ་རྣམས་ཅི་ཙམ་མང་པོ་དང་། སྡིག་པ་རྣམས་ཅི་ཙམ་ཆེན་པོ་ཡོད་པའི་རྒྱུས་ང་ལ་ཡོད། ཁྱོད་ཅག་གིས་དྲང་པོ་ལ་བརྙས་པར་བྱེད། ཕག་སུག་ལེན། དབུལ་པོ་རྣམས་ཀྱི་གཤགས་ནི་རྒྱ་སྒོ་ལས་ཟློག ༡༣ དེའི་ཕྱིར་མཛངས་པ་དེ་འདྲེའི་དུས་སུ་ཞལ་རོག དུས་དེ་ངན་པ་ཡིན་པའི་ཕྱིར་རོ༎
༡༤ ཁྱོད་འཚོ་བའི་ཕྱིར་ངན་པ་ལ་མ་སྙེགས་པར་བཟང་པོ་ལ་སྙེགས་ཤིག་དང་། དེ་ལྟར་ཁྱོད་ཀྱིས་སྨྲ་བ་བཞིན་དུ་ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་ཁྱོད་དང་འགྲོགས་པར་བྱའོ། ༡༥ ངན་པ་ལ་སྡང་ཞིང་། བཟང་པོ་ལ་གཅེས་པར་འཛིན་ཞིང་། རྒྱ་སྒོར་གཤགས་འཛུགས་ཤིག་དང་། ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་གིས་ཡོ་སེབ་ཀྱི་མི་ལྷག་མ་དེ་ལ་ཐུགས་བརྩེ་མཛད་ལས་ཆེ། ༡༦ དེ་བས་ན་ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་གཙོ་བོས་འདི་སྐད་གསུང་། ལམ་མདོ་ཐམས་ཅད་ན་ངུ་འབོད་དང་། རྒྱ་ལམ་ཐམས་ཅད་ན་ཀྱི་ཧུད། ཀྱི་ཧུད་བརྗོད་པར་འགྱུར་ཞིང་། ཞིང་པ་ལ་མྱ་ངན་བྱེད་དུ་དང་། ངུ་མཁས་པ་རྣམས་ལ་ངུ་འབོད་གཏོང་དུ་འབོད་ཅིང་། ༡༧ རྒུན་ཚལ་ཀུན་ལ་ཆོ་ངེས་ཡོད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཁྱོད་ཀྱི་དཀྱིལ་ནས་རྒྱུ་བར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༨ ཡ་ཧོ་ཝཱའི་ཉིན་མོར་དོན་དུ་གཉེར་བ་ཁྱོད་རྣམས་བཀྲ་མི་ཤིས། དེས་ཁྱོད་ལ་ཅི་ཕན། ཡ་ཧོ་ཝཱའི་ཉིན་མོ་ནི་མུན་པ་ལགས་ཏེ་འོད་ནི་མིན། ༡༩ སེང་གེ་ལས་བྲོས་ནས་དོམ་དང་འཕྲད་དེ། ཁྱིམ་དུ་བསླེབས་ནས་རྩིག་པར་ལག་པ་བཞག་ཅིང་སྦྲུལ་གྱིས་འཐམས་པའི་མི་དང་འདྲའོ། ༢༠ ཡ་ཧོ་ཝཱའི་ཉིན་མོ་ནི་འོད་དང་མི་ལྡན་པའི་མུན་པ་ཡོད་པ་དང་། འོད་ཅིའང་མེད་པའི་རབ་ཏུ་མུན་པ་ཡོད་པར་མི་འགྱུར་རམ། ༢༡ ཁྱོད་ཀྱི་དུས་ཆེན་རྣམས་ལ་ངས་སྡང་ཞིང་ཞེན་པ་ལོག་གོ། ཁྱོད་ཀྱི་དུས་ཆེན་གྱི་འདུས་སྡེ་རྣམས་ཀྱི་དྲི་བསུང་ཡང་ངས་སྣོམ་པར་མི་དགའོ། ༢༢ འོ་ན་ཁྱོད་ཀྱིས་ངའི་སྤྱན་སྔར་སྦྱིན་སྲེག་དང་ཚོགས་མཆོད་རྣམས་འབུལ་གྱི། ངས་བསྣམ་པར་མི་བྱ། ཁྱོད་ཀྱི་གླང་རྒྱགས་པའི་ཞི་བདེའི་མཆོད་པ་ལའང་ངས་ལྟ་བར་མི་བྱའོ། ༢༣ ཁྱོད་རང་གི་མགུར་མའི་སྒྲ་ངའི་མདུན་ལས་ཕར་ཁྱེར། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་སྒྲ་སྙན་གྱི་དབྱངས་ལ་ངས་ཉན་པར་མི་བྱའོ། ༢༤ དེ་ལས་ཁྲིམས་དྲང་པོ་ཆུ་བཞིན་དུ་དང་། དྲང་བ་ཉིད་ཆུ་བོ་ཆེན་པོ་བཞིན་དུ་འབྲུབ་ཏུ་ཆུག ༢༥ ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད། འབྲོག་སྟོང་ན་ལོ་བཞི་བཅུའི་ནང་དུ་ཁྱོད་ཅག་གིས་ང་ལ་དམར་མཆོད་དང་ཚོགས་མཆོད་རྣམས་ཕུལ་བ་ཡིན་ནམ། ༢༦ ད་ཁྱོད་ཅག་གིས་རང་གི་རྒྱལ་པོ་སིག་ཁུད་དང་། ཁེ་ཝན་རང་གི་སྐུ་འདྲ་རྣམས་སམ། རང་གི་ཕྱིར་བཟོས་པའི་ལྷའི་སྐར་མ་ཐོགས་ཤིག ༢༧ དེའི་ཕྱིར་ངས་ཁྱོད་ད་མཱ་སེག་གི་ཕ་རོལ་དུ་བཙོན་དུ་སྐྱེལ་བར་བྱའོ། ཞེས་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་གི་མཚན་མངའ་བའི་ཡ་ཧོ་ཝཱས་གསུང་ངོ་༎