༦
ཙི་ཨོན་ན་སེམས་དལ་བ་དང་། མི་བརྒྱུད་རྣམས་ལས་དྲག་པའི་མི་བརྒྱུད་ཀྱི་སྐུ་དྲག་རྣམས། གང་དག་གི་དྲུང་དུ་ཨིས་ར་ཨེལ་གྱི་མི་བརྒྱུད་ཕྱིན་པའི་ས་མར་ཡཱའི་རི་བོར་བློ་གཏད་པ་རྣམས་བཀྲ་མི་ཤིས། ༢ ཁྱོད་ཀལ་ནེ་རུ་ཕྱིན་ཏེ་ལྟོས་ཤིག་དང་། དེ་ནས་ཧ་མད་ཆེན་པོའི་བར་དུ་སོང་ཞིག དེ་ནས་ཕེ་ལེ་ཤེད་པའི་གད་བྱ་བར་བོབས་ཤིག རྒྱལ་ཁམས་འདི་དག་ལས་དེ་རྣམས་ལེགས་སམ། ཁྱོད་ཀྱི་ས་མཐའ་ལས་དེ་དག་གི་ས་མཐའ་ཆེའམ། ༣ ཉིན་མོ་ངན་པ་རང་ལས་རྒྱང་རིང་དུ་སྐྱེལ་ཞིང་གཞོན་པའི་ཁྲི་རང་གི་རྩར་བདེན་པ་ཁྱོད་རྣམས་ལ་བཀྲ་མི་ཤིས། ༤ ཁྱོད་རྣམས་ཀྱིས་བ་སོའི་མལ་ཁྲིར་འགྲེ་ལྡོག་བྱེད་ཅིང་། ཉལ་ཁྲིར་བགྲད་ཅིང་ཉལ་ཏེ། ཁྱུའི་ནང་ནས་ལུ་གུ་རྣམས་དང་། བ་རའི་ནང་ནས་བེའུ་རྣམས་འཁྱེར་ཞིང་ཟ། ༥ སྒྲ་སྙན་གྱི་སྒྲ་བཅས་དབྱངས་ལེན་ཏེ། དཱ་བིད་ལྟར་རང་གི་ཕྱིར་རོལ་ཆས་གསར་པ་འདོན། ༦ ཕོར་པ་རྣམས་ལས་རྒུན་ཆང་འཐུང་། རང་ལུས་ལ་སྤོས་ཆུ་འགངས་ཅན་འབྱུག་ཀྱང་། ཡོ་སེབ་ཀྱི་ཉམས་ཐག་པའི་ཕྱིར་མི་འཚེར་རོ། ༧ དེའི་ཕྱིར་ད་ལྟ་དེ་དག་བཙོན་པ་སྔ་མ་རྣམས་དང་བཅས་སུ་བཙོན་དུ་འགྲོ་བར་འགྱུར། དེ་དག་བགྲད་ནས་བསྡད་པའི་དགའ་སྟོན་དེ་མེད་པར་འགྱུར།༨ ཡ་ཧོ་ཝཱ་གཙོ་བོས་རང་ཉིད་ཀྱི་དབུ་མནའ་བཞེས་ཞིང་། དཔུང་ཆེན་རྣམས་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་འདི་སྐད་གསུང་། ངས་ཡ་ཀོབ་ཀྱི་ཆེ་ཐབས་ལ་ཞེན་པ་ལོག དེའི་ཁབ་རྣམས་འཁོན་དུ་འཛིན། དེ་བས་ན་ངས་གྲོང་ཁྱེར་འདི་དང་གྲོང་ཁྱེར་གྱི་ནང་ན་ཡོད་པ་ཐམས་ཅད་གཞན་ལ་གཏད། ༩ དེས་མ་ཟད་ཁྱིམ་གཅིག་ན་མི་བཅུ་ལུས་ན། དེ་དག་ཀྱང་སྲོག་དང་འབྲལ་བར་འགྱུར། ༡༠ སུ་ཞིག་གི་གཉེན་དྲུང་ངམ། དེ་སྲེག་མཁན་གྱིས་ཁྱིམ་གྱི་ནང་ནས་རུས་པ་ཕྱི་རུ་འཁྱེར་བའི་ཕྱིར་ཐོགས་པར་བྱ་ཏེ། ཕུགས་ལ་ཡོད་པའི་མི་ལ། ད་དུང་ཁྱོད་དང་མཉམ་སུ་རེ་ཡོད་དམ་སྨྲ་བའི་ཚེ། དེས་སུའང་མེད་སྨྲ་ཡོང་། དེ་ནས་གཅིག་ཤོས་དེས། ངེད་ཀྱིས་ཡ་ཧོ་ཝཱའི་མཚན་ལེན་པར་མི་རུང་བས། ཁ་རོག་ཅིག་ཅེས་སྨྲ་བར་འགྱུར་རོ། ༡༡ དེའི་ཕྱིར་ལྟོས་ཤིག ཁྱིམ་ཆེ་བ་དེ་ལ་བུག་པ་རྣམས་དང་། ཁང་བུ་དེ་ལ་སེར་ག་རྣམས་འཐོན་པའི་བཀའ་ཡ་ཧོ་ཝཱས་ཟིན་ཏོ། ༡༢ བྲག་ཁར་རྟ་རྣམས་རྒྱུག་གམ། དེར་སུས་གླང་རྣམས་ཀྱིས་རྨོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱིས་ཁྲིམས་དྲང་པོ་ནི་དུག་ཆུ་དང་། དྲང་བ་ཉིད་ཀྱི་འབྲས་བུ་ནི་ཁན་པ་རུ་བསྒྱུར་བར་བྱས། ༡༣ ཁྱོད་ཀྱིས་རྫུས་མ་ལ་དགའ་བས། ངེད་ཅག་རང་སྟོབས་ཀྱིས་རང་ལ་རྭ་ཅོ་བསྐྱེད་པར་མ་བྱས་སམ་ཟེར། ༡༤ འོན་ཀྱང་ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད། ལྟོས་ཞིག ངས་མི་བརྒྱུད་ཅིག་ཁྱོད་ཀྱི་དགྲ་རུ་བསླང་བར་བྱའོ་ཞེས་ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་གིས་གསུང་། དེ་དག་གིས་ཧ་མད་ཀྱི་སྒོ་ནས་འབྲོག་སྟོང་གི་གྲོག་པོའི་བར་དུ་ཁྱོད་ལ་འཚེ་བར་འགྱུར་རོ༎