ཡ་ཧོ་ཝཱ་གཙོ་བོས། བདག་ལ་བསྟན་པ་ནི་འདི་ལྟ་སྟེ། ལྟོས་ཤིག སྟོན་ཐོག་ཕྱི་མ་ཐོག་མར་སྐྱེ་བའི་དུས་སུ་ཁོང་གིས་ཆ་ག་འབུ་རྣམས་བཀོད་པར་མཛད། ལྟོས་ལ། དེ་ནི་རྒྱལ་པོའི་ཞིང་བརྔས་པའི་འོག་ཏུ་བྱུང་བའི་སྟོན་ཐོག་ཕྱི་མའི་ཕུད་པ་ཡིན་ནོ།  དེ་ནས་དེ་དག་གིས་ཡུལ་གྱི་རྩྭ་ཡོངས་སུ་བཟས་ཟིན་པའི་ཚེ། ཀྱེ་ཡ་ཧོ་ཝཱ་གཙོ་བོ། བཤགས་པར་མཛོད། ཅེས་ངས་གསོལ་ཏོ། ཡ་ཀོབ་ལང་ཞིང་སྡོད་པ་ཇི་ལྟར་སྲིད། ཅི་ལ་ཞུ་ན། ཁོ་ཆུང་ངུའོ་ཞེས་ཞུས་པ་ལས།  ཡ་ཧོ་ཝཱས་དེའི་སྐོར་ཐུགས་འགྱོད་མཛད་དེ། དེ་བཞིན་འབྱུང་བར་མི་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
 ཡང་ཡ་ཧོ་ཝཱ་གཙོ་བོས་ང་ལ་བསྟན་པ་ནི་འདི་ལྟ་སྟེ། ཀྱེ་ཧོ། ཡ་ཧོ་ཝཱ་གཙོ་བོས་འཐབ་པའི་ཕྱིར་མེ་ལ་བོས་ནས། དེས་གཏིང་རབ་ཏུ་ཟབ་པོ་དེ་བཟས་ཏེ། ས་སྐལ་དེ་འགམ་པར་གཟས་པའི་ཚེ།  ངས་ཀྱེ་ཡ་ཧོ་ཝཱ་གཙོ་བོ། བོར་བར་མཛོད། ཅེས་ཞུའོ། ཡ་ཀོབ་ལང་ཞིང་སྡོད་པ་ཇི་ལྟར་སྲིད། ཅི་ལ་ཞུ་ན། ཁོ་ཆུང་ངུའོ་ཞེས་ཞུས་པ་ལས།  ཡ་ཧོ་ཝཱས་དེའི་སྐོར་ཐུགས་འགྱོད་མཛད་དེ། དེ་བཞིན་འབྱུང་བར་མི་འགྱུར་རོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
 ཡང་ཁོང་གིས་ང་ལ་བསྟན་པ་ནི་འདི་ལྟ་སྟེ། ཀྱེ་ཧོ། ཡ་ཧོ་ཝཱ་ཞ་ཉེའི་གཏིང་རྡོ་དང་མཉམ་དུ་བཟོས་པའི་རྩིག་པ་ཞིག་གི་ཁར་བཞེངས་ཤིང་། ཕྱག་ན་ཞ་ཉེའི་གཏིང་རྡོ་འདུག་གོ།  ཡང་ཡ་ཧོ་ཝཱས་ང་ལ། ཨ་མོས། ཁྱོད་ཀྱིས་ཅི་མཐོང་གསུངས་པ་དང་། ངས་ཞ་ཉེའི་གཏིང་རྡོ་ཞིག་གོ་ཞེས་ཞུས་པ་ལས། ཡ་ཧོ་ཝཱས། ཀྱེ་ཧོ། ངས་རང་གི་མི་སྡེ་ཨིས་ར་ཨེལ་གྱི་དབུས་སུ་ཞ་ཉེའི་གཏིང་རྡོ་ཞིག་འབེབས་པར་བྱ་ཞིང་། སླར་ངས་དེ་དག་ལ་བཤགས་པར་མི་བྱའོ།  ཡང་ཨི་སཱག་གི་མཐོ་གླིང་རྣམས་སྟོངས་ཤིང་། ཨིས་ར་ཨེལ་གི་གཙང་ཁང་རྣམས་བཞིག་པར་འགྱུར། ཡང་ངས་རལ་གྲི་ཐོགས་ཤིང་ཡེ་རོབ་ཨམ་གྱི་ཁྱིམ་གྱི་དགྲར་ལྡང་བར་བྱའོ༎
༡༠ དེ་ནས་བེད་ཨེལ་གྱི་བླ་མ་ཨ་མ་ཙི་ཡཱ་བྱ་བས་ཨིས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་ལ་ཕྲིན་སྐུར་ཞིང་འདི་སྐད་དུ། ཨ་མོས་ཀྱིས་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་ཁྲོད་དུ་ཁྱེད་ལ་ངོ་ལོག་བྱས་པས། དེའི་ཚིག་ཐམས་ཅད་ཡུལ་གྱིས་ཐེག་མི་ཐུབ་བོ། ༡༡ དེ་ཅིའི་ཕྱིར་ཞེ་ན། ཨ་མོས་ཀྱིས་ཡེ་རོབ་ཨམ་རལ་གྲིས་འགུམ་པར་བྱ་སྟེ། ཨིས་ར་ཨེལ་བདེན་དག་པར་རང་ཡུལ་ལས་བཙོན་ལ་འཁྲིད་པར་འགྱུར་རོ། ཅེས་སྨྲའོ་བྱས་ནས་སྦྲན་ཏོ། ༡༢ ཡང་ཨ་མ་ཙི་ཡཱས་ཨ་མོས་ལ། ཀྱེ་མངོན་བཤེས་པ། ཁྱོད་འདི་ནས་བྲོས་ནས་ཡ་ཧུ་དཱའི་ཡུལ་དུ་སོང་སྟེ། དེར་བག་ལེབ་ཟོས་ལ། དེར་ལུང་སྟོན་ཞིག ༡༣ འོན་ཀྱང་བེད་ཨེལ་ན་སླར་ལུང་མ་སྟོན་ཞིག གང་ལ་ཞེ་ན། འདི་ནི་རྒྱལ་པོའི་གཙང་ཁང་དང་ཁོང་གི་རྒྱལ་ས་ཡིན་པའི་ཕྱིར་རོ། ཞེས་སྨྲས་པ་དང་། ༡༤ ཨ་མོས་ཀྱིས་ཨ་མ་ཙི་ཡཱ་ལ་ལན་དུ། ང་ནི་ལུང་སྟོན་པའང་མིན། ལུང་སྟོན་པའི་བུའང་མིན། ང་ཕྱུགས་རྫིའོ་སེ་སྒྲུག་མཁན་ཞིག་ཡིན་ཏེ། ༡༥ ང་ནི་ཁྱུའི་ཕྱི་བཞིན་འགྲོ་བ་ལས་ཡ་ཧོ་ཝཱས་ང་བཟུང་ངོ་། ཡང་ཡ་ཧོ་ཝཱས་ང་ལ། སོང་ལ། ངའི་མི་སྡེ་ཨིས་ར་ཨེལ་ལ་ལུང་སྟོན་ཞིག་ཅེས་གསུངས་སོ༎
༡༦ དེ་བས་ན་ད་ཁྱོད་ཡ་ཧོ་ཝཱའི་གསུང་ལ་ཉོན་ཞིག ཁྱོད་ཀྱིས། ཨིས་ར་ཨེལ་ལ་རྒོལ་བའི་ལུང་མ་སྟོན་ཞིག ཨི་སཱག་གི་མི་བརྒྱུད་ལ་རྒོལ་བའི་གཏམ་ཞིག་འབུད་མ་འཇུག་ཅིག་ཅེས་སྨྲའོ། ༡༧ དེས་ན་ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱི་ཆུང་མས་གྲོང་ཁྱེར་ན་སྨད་འཚོང་མ་བྱ། ཁྱོད་ཀྱི་བུ་དང་བུ་མོ་རྣམས་རལ་གྲིས་གསད། ཁྱོད་ཀྱི་ཞིང་ཐག་པས་ལྷུ་རུ་སྤྱད་པར་འགྱུར། ཁྱོད་མི་གཙང་བའི་ཡུལ་ཞིག་ཏུ་འཆི་བར་འགྱུར། ཡང་ཨིས་ར་ཨེལ་བདེན་དག་པར་རང་གི་ཡུལ་ལས་བཙོན་དུ་འགྲོ་བར་འགྱུར་ཞེས་གསུང་ངོ་༎