༨
ཡ་ཧོ་ཝཱ་གཙོ་བོས་ང་ལ་བསྟན་པར་གྱུར་པ་ནི་འདི་ལྟ་སྟེ། ལྟོས་ཤིག ཤིང་ཏོག་སྨིན་པའི་སླེ་པོ་ཞིག་འདུག ༢ ཡང་ཁོང་གིས། ཨ་མོས། ཁྱོད་ཀྱིས་ཅི་མཐོང་འདུག་གསུངས་པ་དང་། ངས་ཤིང་ཐོག་སྨིན་པའི་སླེ་པོ་ཞིག་འདུག་ཅེས་ཞུས་སོ། དེ་ནས་ཡ་ཧོ་ཝཱས་ང་ལ། ངའི་མི་སྡེ་ཨིས་ར་ཨེལ་གྱི་ཚེའི་དུས་ལ་བབས་ཏེ། ཕྱིན་ཆད་དུ་སླར་ང་དེ་དག་གི་རྩར་སྐྱོད་པར་མི་བྱའོ། ༣ ཉིན་མོ་དེར་རྒྱལ་ཁབ་ཀྱི་གླུ་དབྱངས་རྣམས་ཆོ་ངེས་སུ་འགྱུར་བར་འགྱུར། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། གནས་ཀུན་དུ་ཤི་བའི་རོ་མང་པོ་ཡོད་པར་འགྱུར། མི་རྣམས་ཤུད་བྱས་ནས་ཕྱི་རོལ་དུ་འཕེན་པར་འགྱུར་རོ། ༤ དབུལ་པོ་རྣམས་ཡུལ་ནས་ཚར་གཅོད་པའི་ཕྱིར། དགོས་འགྱག་ཅན་རྣམས་མིད་མཁན་ཁྱོད་རྣམས་གཏམ་འདི་ལ་ཉོན་དང་། ༥ ངེད་ཀྱིས་འབྲུ་འཚོང་བའི་ཕྱིར་ཟླ་བ་གསར་པ་ནམ་འདའ་འོང་། གྲོའི་བང་ཁ་འབྱེད་པའི་ཕྱིར་ཤབ་བཱད་ནམ་འདའ་འོང་། ཨེ་ཕ་ཆུང་ལ་ཤེ་ཀེལ་ཆེ་རུ་བྱེད་ཅིང་ཟོལ་ཟོག་གི་སྲང་གིས་མགོ་སྐོར་ཞིང་། ༦ མི་དབུལ་པོ་དངུལ་དང་། འཕོངས་པ་ལྷམ་ཟུང་གཅིག་ལ་ཉོ་བ་དང་། གྲོ་མི་འདོད་པ་ངེད་ཀྱིས་འཚོང་བར་བྱ་ཞེས་སྨྲའི། ༧ ཡ་ཧོ་ཝཱས་ཡ་ཀོབ་ཀྱི་གྲགས་པའི་དབུ་མནའ་བཞེས་ཤིང་། ངས་ཁྱོན་ནས་དེ་དག་གི་ལས་རྣམས་ལས་གཅིག་ཀྱང་བརྗེད་པར་མི་བྱའོ་ཞེས་གསུང་ངོ་། ༨ དེའི་རྐྱེན་གྱིས་ས་གཞི་འདར་བར་མི་འགྱུར་རམ། དེའི་ནང་ན་ཡོད་པ་རེ་རེས་མྱ་ངན་མི་བྱའམ། འོ་ན་དེ་ནི་ཆུ་རུད་ལྟ་བུར་ཀུན་ནས་ལང་ཞིང་། མི་སེར་གྱི་གཙང་པོ་བཞིན་ཁེངས་ཤིང་འབབ་པར་འགྱུར།༩ ཡང་ཉིན་མོ་དེར་འབྱུང་རྒྱུ་ནི། འདི་བཞིན་ནོ་ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། ཉིན་གུང་གི་དུས་སུ་ཉི་མ་ནུབ་ཏུ་འཇུག་ཅིང་། ཉི་མ་དཀར་མོར་ངས་ས་གཞི་མུན་པར་བསྒྱུར་བར་བྱ། ༡༠ ཡང་ངས་ཁྱོད་ཀྱི་དུས་ཆེན་རྣམས་མྱ་ངན་དུ་དང་། ཁྱོད་ཀྱི་གླུ་ཐམས་ཅད་སྨྲེ་སྔགས་སུ་བསྒྱུར་བར་བྱ། ཡང་ངས་རྐེད་པ་ཐམས་ཅད་ལ་རྩྭ་ཕད་དང་། མགོ་རེ་རེར་སྤྱི་ཐེར་འདྲེན་པར་བྱའོ། ཡང་ངས་དེ་ནི་བུ་གཅིག་པོའི་མྱ་ངན་དང་འདྲ་བ་བྱ་སྟེ། དེའི་མཐའ་ནི་རོ་ཁ་བའི་ཉིན་མོ་འདྲ་འབྱུང་བར་འགྱུར་རོ༎
༡༡ ཡ་ཧོ་ཝཱས་འདི་སྐད་དུ། ཀྱེ་ཧོ། ངས་ཡུལ་དུ་མུ་གེ་ཞིག བག་ལེབ་བམ། ཆུའི་མུ་གེ་མ་ཡིན་ཏེ། ཡ་ཧོ་ཝཱའི་གསུང་རྣམས་ཀྱི་མུ་གེ་འབེབས་པའི་ཉིན་མོ་རྣམས་འབྱུང་བར་འགྱུར་རོ། ༡༢ དེ་ནས་མི་རྣམས་ཡ་ཧོ་ཝཱའི་བཀའ་འཚོལ་བའི་ཕྱིར་རྒྱ་མཚོ་ནས་རྒྱ་མཚོ་དང་། བྱང་ཕྱོགས་ལས་ཤར་ཕྱོགས་སུ་འཁོར་ཞིང་། ཕན་ཚུན་རྒྱུག་རུང་། དེ་བརྙེད་པར་མི་འགྱུར་ཞེས་གསུང་ངོ་། ༡༣ ཉིན་མོ་དེར་མཛེས་པའི་ན་ཆུང་དང་གཞོན་པའི་སྐྱེས་པ་རྣམས་སྐོམ་པས་བརྒྱལ་བར་འགྱུར། ༡༤ ས་མར་ཡཱའི་ཉེས་ལྟུང་གི་མནའ་སྐྱེལ་ཞིང་། ཀྱེ་དཱན། ཁྱོད་ཀྱི་ལྷས་བསྣམས་ཤིག་དང་། བེ་ཨེར་ཤེ་བཱའི་ཚུལ་གྱིས་བསྣམས་ཤིག་ཅེས་སྨྲ་བ་རྣམས་ལྟུང་ཞིང་སླར་ནམ་ཡང་ལང་བར་མི་འགྱུར་རོ༎