༩
ཡ་ཧོ་ཝཱ་མཆོད་ཁྲིའི་མདུན་དུ་བཞེངས་པ་ངས་མཐོང་བ་ལས། ཁོང་གིས་གསུངས་པ། ཡ་ཐེམ་རྣམས་འགུལ་དུ་ཀ་གཞུ་ལ་རྡུང་ཞིག མི་དེ་ཐམས་ཅད་ཀྱི་མགོ་ལ་འཕོག་ཏུ་ཆོག་ཅིག་དང་། ངས་དེ་དག་གི་བརྒྱུད་རལ་གྲིས་གསད་པར་བྱ། དེ་དག་གི་ཁྲོད་ལས་སུའང་འབྲོས་གོ་མི་ཆོད་པར། ཐར་བར་ཡང་མི་འགྱུར་རོ། ༢ ཇི་སྟེ་དེ་དག་གཤིན་ཁམས་སུ་གློ་རྟོལ་རུང་། དེ་ནས་ཀྱང་ངའི་ཕྱག་གིས་འདོན་པར་བྱ། ཇི་སྟེ་ནམ་མཁའ་རུ་འཕུར་རུང་། དེ་ནས་ཀྱང་ངས་མར་ལ་དབབ་བོ། ༣ ཇི་སྟེ་དེ་དག་ཀར་མེལ་གྱི་རྩེ་མོར་ཡིབ་རུང་། དེ་ནས་ཀྱང་ངས་བཙལ་ཏེ་འདོན་པར་བྱ། ཡང་ཇི་སྟེ་རྒྱ་མཚོའི་གཏིང་དུ་ངའི་སྤྱན་ལམ་ལས་ཡིབ་རུང་། ངས་སྦྲུལ་ལ་བཀའ་སྩལ་ཏེ། དེ་དག་ལ་འཐམ་དུ་གཞུག ༤ ཡང་ཇི་སྟེ་དེ་དག་བཙོན་པར་གྱུར་ནས་དགྲའི་མདུན་དུ་འདོང་རུང་། དེ་ནས་ཀྱང་ངས་རལ་གྲི་ལ་བཀའ་བཀོད་ཅིང་། དེས་དེ་དག་འགུམ་པར་བྱ། འོ་ན། ངས་དེ་དག་བར་དུ་གཅོད་པའི་ཕྱིར་བལྟའི། ཕན་འདོགས་པའི་ཕྱིར་བལྟ་བར་མི་བྱའོ༎༥ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་གཙོ་བོས་ས་ལ་ཕྱག་གིས་རེག་པ་ཙམ་དུ་དེ་ནི་འཇུ། དེའི་ནང་ན་གནས་པ་ཐམས་ཅད་ཆོ་ངེས་བྱེད། ཡང་དེ་ནི་གཙང་པོ་བཞིན་དུ་ཀུན་ནས་ལངས་ཏེ། མི་སེར་གཙང་པོ་བཞིན་དུ་སླར་འབབ་པར་འགྱུར། ༦ ཁོང་གིས་ནམ་མཁར་ཉིད་ཀྱི་སྟེང་ཁང་རྣམས་དང་། ས་ལ་ཉིད་ཀྱི་འཇའི་དཀྱིལ་འཁོར་འགོད། ཁོང་གིས་རྒྱ་མཚོའི་ཆུ་རྣམས་ལ་འབོད་ཅིང་། སའི་ངོས་སུ་བླུག་གོ། ཁོང་གི་མཚན་ནི་ཡ་ཧོ་ཝཱ་ལགས་སོ༎
༧ ཀྱེ་ཨིས་ར་ཨེལ་གྱི་བུ་རྣམས། ཁྱོད་ཅག་ང་ལ་ཀུས་པའི་བུ་རྣམས་དང་འདྲ་བ་མིན་ནམ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ངས་མི་སེར་ཡུལ་ནས་ཨིས་ར་ཨེལ་དང་། ཀབ་ཐོར་ནས་ཕེ་ལེ་ཤེད་པ་རྣམས་དང་། ཀིར་ནས་ཨ་རམ་པ་རྣམས་མ་དྲངས་སམ། ༨ ཀྱེ་ཧོ། ཡ་ཧོ་ཝཱ་གཙོ་བོའི་སྤྱན་གྱིས་སྡིག་ཅན་གྱི་ཡུལ་ཁམས་ལ་གཟིགས། ཡང་ངས་དེ་ནི་སའི་ངོས་ལས་ཚར་དུ་གཅད། འོན་ཀྱང་ཡ་ཀོབ་ཀྱི་མི་བརྒྱུད་ཡོངས་སུ་མེད་པར་མི་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༩ དེ་བས་ན་ཀྱེ་ཧོ། ངས་བཀའ་སྩལ་ཞིང་ཨིས་ར་ཨེལ་གྱི་མི་བརྒྱུད་ནི་མི་རིགས་པ་ཐམས་ཅད་ཀྱི་ཁྲོད་དུ་ཚག་མའི་ནང་དུ་འཚག་པ་བཞིན་དུ་འཚག་པར་བྱ་བ་དང་། འབྲུ་རྡོག་ཆུང་བ་གཅིག་ཀྱང་ས་ལ་འགྲིལ་མི་འོང་། ༡༠ རྐྱེན་ངན་གྱིས་ངེད་ལ་རྒྱབ་ནས་མི་ནོན་ཏེ། མདུན་ནས་མི་འགེགས་ཞེས་ཟེར་བའི་ངའི་མི་སྡེའི་མི་སྡིག་ཅན་ཐམས་ཅད་རལ་གྲིས་འགུམ་པར་འགྱུར་རོ༎
༡༡ ཉིན་མོ་དེར་ངས་དཱ་བིད་ཀྱི་གུར་མཆོག་གྱེལ་བ་དེ་སྒྲེང་ཞིང་། དེའི་བུག་པ་རྣམས་དགག དེའི་ཡུལ་གོག་རྣམས་ཀྱི་བཞིག་སོས་བྱས་ནས། སྔ་མའི་ཉིན་མོ་རྣམས་དང་འདྲ་བར་དེ་བཞེང་བར་བྱའོ། ༡༢ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཨེ་དོམ་གྱི་ལྷག་མ་དང་། ངའི་མཚན་གྱིས་གྲགས་པའི་མི་བརྒྱུད་ཚང་མ་ནོར་སྐལ་དུ་ལེན་པའི་ཕྱིར་དུའོ། ཞེས་དེ་ལྟར་མཛད་པའི་ཡ་ཧོ་ཝཱས་གསུང་ངོ་། ༡༣ ལྟོས་ཤིག རྨོ་མཁན་གྱིས་རྔ་མཁན་དང་། རྒུན་འབྲུམ་འཆག་མཁན་གྱིས་ས་བོན་འདེབས་མཁན་ལ་ནོན་པར་འགྱུར་བ་དང་། རི་བོ་ཐམས་ཅད་ལས་རྒུན་ཆང་གསར་པ་འཛག་པ་དང་། རི་ཕྲན་ཀུན་འཇུ་བའི་ཉིན་མོ་རྣམས་ལ་འབབ་ཀྱིན་འདུག ཅེས་ཡ་ཧོ་ཝཱས་གསུང་ངོ་། ༡༤ ཡང་ངས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་གྱི་བཙོན་པ་དག་ཕྱིར་ལོག་འཁྲིད་པར་བྱ་བ་དང་། དེ་དག་གིས་གྲོང་ཁྱེར་གོག་པོ་རྣམས་བཞེངས་ནས། དེར་གནས་པར་ཡང་གྱུར་ཏེ། རྒུན་ཚལ་རྣམས་བཙུགས་ནས། དེའི་རྒུན་ཆང་ཡང་འཐུང་ཞིང་། སྐྱེད་ཚལ་རྣམས་བཙུགས་ནས། དེའི་འབྲས་བུའང་ཟ་བར་འགྱུར། ༡༥ ཡང་ངས་དེ་དག་རང་གི་ཡུལ་ནང་འཇུགས་ཤིང་། ངས་བྱིན་པའི་དེ་དག་རང་གི་ཡུལ་ལས་ནམ་དུའང་འདོན་པར་མི་འབྱུར་རོ། ཞེས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་གསུང་ངོ་༎ ༎