མི་ཚངས་པ་རྩོམ་ཞིང་རང་གི་མལ་ཁྲིར་གྲོས་ངན་བྱེད་པ་རྣམས་བཀྲ་མི་ཤིས། དེ་དག་གི་ལག་པར་ཤེད་ཡོད་པས། ནམ་ལང་བའི་ཚེ་དེ་བཞིན་དུ་སྤྱོད།  དེ་དག་གིས་ཞིང་རྣམས་ལ་ཧམ་ཞིང་དབང་གིས་ལེན། ཁང་པ་རྣམས་ལ་བརྔམས་ཤིང་འཕྲོག་པར་བྱེད། དེས་མ་ཟད་མི་དང་ཁྱིམ་དང་། འོ་ན་སྐྱེས་པ་དང་དེའི་ནོར་སྐལ་ལའང་དབང་བྱེད།  དེ་བས་ན་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་མི་བརྒྱུད་འདི་ལ་གནོད་པའི་ཇུས་རྩོམ། དེ་ལས་ཁྱོད་ཅག་གི་མཇིང་པ་འབུད་པར་མི་ནུས་ཏེ། རང་མཐོང་གི་ངང་ནས་སྤྱོད་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དུས་འདི་ནི་ངན་པ་ཞིག་ཡིན་ནོ།  ཉིན་དེར་ཁྱོད་ལ་དཔེས་མཚོན་ཞིང་། ཚེར་ཀ་ཆེ་བའི་སྨྲེ་སྔགས་ཀྱིས་མྱ་ངན་བྱ་ཞིང་འདི་སྐད་དུ། ངེད་ཡོངས་སུ་ནུབ། དེས་ངའི་མི་སྡེའི་ཟས་སྐལ་འཐེན་ཏེ། དེ་ནི་ང་ལས་ཇི་ལྟར་ཕྲལ། ཡུལ་བཤིག་མཁན་ལ་ངེད་ཀྱི་ཞིང་བྲིམས། ཞེས་སྨྲ་བར་འགྱུར་རོ།  དེ་བས་ན་ཡ་ཧོ་ཝཱའི་ཚོགས་ཀྱི་ནང་ན་རྟགས་རིལ་བཞིན་ཐག་སྐར་གཏོང་བའི་ཕྱིར། ཁྱོད་ལས་སུའང་ལུས་པར་མི་འགྱུར་རོ༎
 དེ་དག་གིས་ལུང་བསྟན་མཁན་རྣམས་ལ་ལུང་མ་སྟོན་ཞིག དེ་དག་ལ་ལུང་བསྟན་མི་འོང་ཞེས་སྨྲའོ། འདི་འདྲའི་མི་ལས་ངོ་ཚ་འབྲལ་བར་མི་འགྱུར་རོ།  ཀྱེ། ཡ་ཀོབ་ཀྱི་མི་བརྒྱུད་ཅེས་པའི་མིང་དང་ལྡན་པ་རྣམས། ཡ་ཧོ་ཝཱའི་ཐུགས་ཉིད་ཕྲིས་པ་ཡིན་ནམ། འདི་དག་ཁོང་གི་མཛད་པ་ཡིན་ནམ། སེམས་དྲང་པོར་སྤྱོད་པ་ལ་ངའི་གསུང་རྣམས་མི་ཕན་ནམ།  འོན་ཀྱང་སྔོན་དུས་ནས་ངའི་མི་སྡེ་དགྲ་ལྟར་ལངས། འཐབ་མོ་ལ་མི་དགའ་བར་འཇིགས་པ་དང་བྲལ་ནས་འགྲུལ་བ་རྣམས་ལས་ཁྱོད་ཀྱིས་ཆུ་པ་གཟན་གོས་དང་བཅས་སུ་ཤུ་བར་བྱེད།  ཁྱོད་ཀྱིས་ངའི་མི་སྡེའི་བུད་མེད་རྣམས་ཡིད་དུ་འོང་བའི་ཁྱིམ་རྣམས་ལས་འདོན། དེའི་བུ་རྣམས་ལས་ངའི་དཔལ་འབྱོར་ཁྱོད་ཀྱིས་དུས་གཏན་གྱི་ཕྱིར་ཕྲལ།
༡༠ འདི་ནི་ཁྱོད་ཀྱི་བསྟི་གནས་མ་ཡིན་པས། ལོངས་ལ་ཕར་སོང་ཞིག དེ་ཅིའི་ཕྱིར་ཞེ་ན། འདི་ནི་གྲིབ་ཀྱིས་བསྒོས་པས། དེས་ཁྱོད་འཇོམ་ཞིང་རབ་ཏུ་གཞོམ་མོ། ༡༡ ཇི་སྟེ་རྫུས་མའི་སེམས་ཉིད་ལ་འབྲང་ཞིང་རྫུན་ཟེར་བའི་མི་ཞིག་གིས་འདི་སྐད་དུ། ངས་ཁྱོད་ལ་རྒུན་ཆང་དང་བཟི་བྱེད་ཀྱི་ལུང་བསྟན་པར་བྱའོ། སྨྲ་བ་དེ་ནི་མི་སྡེ་འདིའི་ལུང་སྟོན་པར་འགྱུར་བར་འགྱུར་རོ༎
༡༢ ཀྱེ་ཡ་ཀོབ། ངས་བདེན་དག་པར་ཁྱོད་ཐམས་ཅད་བསྡུ་བར་བྱ། ངས་ངེས་པར་དུ་ཨིས་ར་ཨེལ་གྱི་ལྷག་མ་དེ་བསྡུ་བར་བྱ། ངས་དེ་དག་བོས་རཱའི་ལུག་ལྟར་དགུག་ཅིང་། རྩྭ་ཁའི་དབུས་སུ་ཡོད་པའི་ཁྱུ་ལྟར་བསྡུ་བར་བྱའོ། མི་མང་དྲགས་པའི་རྐྱེན་གྱིས་དེར་ཀུ་སྒྲས་འདེགས་ཤིང་། ༡༣ གཅོག་པ་པོ་དེ་དག་གི་སྔོན་དུ་ཆས་ཏེ། དེ་རྣམས་ཀྱིས་གཅོག་ཅིང་རྒྱ་སྒོའི་བར་དུ་ཕྱིན་ཞིང་། དེ་རྣམས་ཀྱི་རྒྱལ་པོ་སྔོན་ལ་དེ་ལས་འཐོན་ཞིང་། ཡ་ཧོ་ཝཱ་ནི་དེ་རྣམས་ཀྱི་སྣ་ལ་གཤེགས་པར་འགྱུར་རོ༎