ལུང་སྟོན་པ་ན་ཧུམ་གྱི་མདོ།
༡
ནི་ནི་ཝེའི་ཆེད་དུ་ཞལ་གཟིགས་ཀྱི་བཀའ། ཨེལ་ཀོས་པ་ན་ཧུམ་གྱི་ཞལ་གཟིགས་ཀྱི་མདོ་ནི།༢ ཡ་ཧོ་ཝཱ་འགྲན་སེམས་ཅན་དང་། ལན་བཞེས་པའི་དཀོན་མཆོག་འོ་ན། ཡ་ཧོ་ཝཱ་ལན་བཞེས་མཁན་དང་། ཐུགས་གཞི་རུ་ངར་བ་ལགས་ཏེ། ཡ་ཧོ་ཝཱས་དགྲ་ལས་ལན་བཞེས། ཁོང་ཉིད་དགྲའི་ཕྱིར་ཐུགས་ཁྲོ་འཇོག ༣ ཡ་ཧོ་ཝཱ་ཐུགས་ཁྲོ་དལ་ཞིང་། མཐུ་སྟོབས་ནང་ཆེན་པོ་ལགས་ཏེ། སྡིག་ཅན་སྐྱོན་མེད་དུ་མི་རྩི། ཡ་ཧོ་ཝཱའི་ལམ་རླུང་འཚུབ་དང་། རླུང་དམར་གྱི་ནང་ན་མཆིས་ཏེ། སྤྲིན་རྣམས་ཁོང་གི་ཞབས་རྡུལ་ལོ། ༤ རྒྱ་མཚོར་བཀྱོན་ནས་སྐྱེམ་པར་མཛད། ཆུ་བོ་ཐམས་ཅད་སྐྱེམ་པར་མཛད། བཱ་ཤན་དང་ཀར་མེལ་རྒུད་སོང་། ལི་བ་ནོན་གྱི་མེ་ཏོག་རྙིད། ༥ ཁོང་སྤྱན་སྔར་རི་བོ་རྣམས་འདར། རི་ཕྲན་རྣམས་འཇུ་བར་འགྱུར་ཞིང་། ཁོང་གི་དྲུང་དུ་ས་གཞི་གཡོ། འོ་ན་འཇིག་རྟེན་དང་དེ་ཡི། ནང་ན་གནས་པ་ཐམས་ཅད་གཡོ། ༦ ཁོང་གི་ཐུགས་ཁྲོའི་མདུན་དུ་སུ་འགྲེང་སྲིད། ཁོང་གི་ཁྲོ་གཏུམ་ནང་ན་སུ་སྡོད་སྲིད། མེ་འདྲའི་ཁོང་གི་ཐུགས་ཁྲོ་བླུག་སྟེ། ཁོང་གིས་རྐྱེན་དེ་བྲག་རྣམས་ཐུར་དུ་སྒྲིལ།
༧ ཡ་ཧོ་ཝཱ་ནི་བཟང་པོ་སྟེ། སྡུག་བསྔལ་ཉིན་པར་རྫོང་བཙན་ལགས། ཁོང་ལ་བློ་གཏད་པའི་ངོ་མཁྱེན། ༨ ཁོང་གིས་ཆུ་རུད་ཆེན་པོ་དང་མཉམ་དུ། ས་ཆ་ཡོངས་སུ་བསྣུབ་བར་མཛད་པར་འགྱུར། མུན་པས་ཕ་རོལ་པ་རྣམས་འདེད་པར་འགྱུར། ༩ ཡ་ཧོ་ཝཱར་རྒོལ་བའི་བསམ་པ་ཅི་རྩོམ། ཁོང་གིས་ཁྱོད་ཡོངས་སུ་བསྣུབ་པར་མཛད་འོང་། ཐེང་གཉིས་པར་སྡུག་བསྔལ་འབྱུང་བར་མི་འགྱུར། ༡༠ དེ་དག་ལན་མང་ཚེར་མ་ལྟར་བལྟབས་ནས། རྒུན་ཆང་གིས་འབང་འབང་སོང་ནས་ཡོད་མོད། སོག་རོ་སྐམ་པོ་ལྟར་ཡོངས་སུ་བསྲེག་འོང་། ༡༡ ཁྱོད་ལས་གྲོས་མི་ངན་པ་ཞིག་ཐོན་ནས། ཡ་ཧོ་ཝཱ་ལ་རྒོལ་བའི་གྲབས་ངན་བྱེད། ༡༢ ཡ་ཧོ་ཝཱ་ཡིས་འདི་སྐད་གསུང་ངོ་། དེ་དག་སྟོབས་ཆེ་མང་ཙམ་ཡོད་རུང་། དེ་རྣམས་གཏུབ་ཅིང་འདའ་བར་འགྱུར་རོ། ངས་ཁྱོད་ལ་འཚེ་བར་བྱས་ན་ཡང་། སླར་ངས་ཁྱོད་ལ་འཚེ་བར་མི་བྱའོ། ༡༣ ད་ངས་དེའི་གཉའ་ཤིང་ཁྱོད་ལས་གཅག ཁྱོད་ཀྱི་བཀྱིག་ཐག་རྣམས་ཡོངས་སུ་གཅད། ༡༤ འོན་ཁྱོད་ཕྱིར་ཡ་ཧོ་ཝཱའི་གསུང་ནི། སླར་ཁྱོད་མིང་གི་ས་བོན་མི་གདབ། ཁྱོད་ཀྱི་ལྷ་ཁང་ནང་ནས་བཙོག་སྐུ། བླུག་སྐུ་རྣམས་ཀྱང་མེད་པར་བྱ་ཞིང་། ཁྱོད་མི་ངན་ཡིན་པས་ལྷ་ཁང་དེ་ངས་ནི་ཁྱོད་ཀྱི་རོ་ཁང་དུ་བྱའོ༎
༡༥ ལྟོས་ཕྲིན་བཟང་འཆད་ཅིང་ཞི་བདེ་སྒྲོག་པའི། ཞབས་རྣམས་རི་བོ་རྣམས་ཀྱི་སྟེང་ན་འདུག ཀྱེ་ཡ་ཧུ་དཱ་དུས་ཆེན་རྣམས་བྱོས་ཤིག རང་གི་དམ་བཅས་པ་རྣམས་འབུལ་བར་བྱོས། མི་ངན་རྩ་བ་ནས་བཅད་ཟིན་པ་ཡིན། ཁྱོད་ཀྱི་དཀྱིལ་དུ་ནམ་ཡང་འགྲོ་མི་འོང་༎