ཀྱི་ཧུད། དབྱར་ཁའི་ཤིང་ཏོག་བསྡུས་པའི་འོག་ཏུའམ། རྒུན་འབྲུམ་བཏུས་པའི་རྗེས་སུ། ཟ་བའི་ཕྱིར་རྒུན་གྱི་སྙེ་མ་མི་རྙེད་པ་དང་འདྲ་བར། ངའི་སེམས་ཀྱིས་འདོད་པའི་སེ་ཡབ་འགོ་ཚོས་གང་ཡང་མེད།  ཆོས་དྲང་པོའི་མི་ནི་མི་ཡུལ་ལས་ཚར། མིའི་ནང་ན་དྲང་པོ་སུའང་མེད། དེ་དག་ཚང་མ་མི་གསད་དུ་འཇབ། མི་རེ་རེ་བཞིན་གྱིས་རྙི་བཙུག་ནས་རང་གི་སྤུན་འཛིན།  ངན་པ་བྱེད་དུ་དེ་དག་གི་ལག་གཉིས་ཤོགས། དཔོན་པོས་རྔན་པ་རྩོད། ཁྲིམས་དཔོན་གྱིས་ཀྱང་དེ་བཞིན་འདོད། མི་ཆེན་གྱིས་རང་གི་སྙིང་གི་འདོད་པ་ངན་པའི་གཏམ་བྱེད། དེ་ལྟར་ངན་པའི་བཀད་འཛོམ་དུ་བཅུག  དེ་དག་གི་བཟང་ཤོས་ནི་སེ་བ་དང་འདྲ། རྣམ་པར་དྲང་བ་ནི་ཚེར་མ་ལས་ཀྱང་རྣོའོ། ཁྱོད་ལ་ལྟ་མཁན་གྱི་ཞག་དང་། ཁྱོད་ལ་ལན་འཇལ་བའི་ཉི་མ་ལ་འབབ་ཀྱིན་འདུག ད་དེ་དག་གི་མགོ་འཐོམ་པར་འགྱུར་རོ།  མཛའ་བོ་ལ་བློ་མ་ཐོད། སེམས་གཙང་མཁན་ལས་རེ་བ་མ་བྱེད། ཁའི་སྒོ་མོ་ནི་རང་གི་གཞོགས་སུ་ཉལ་བའི་ཆུང་མའི་མདུན་དུའང་ཚུམ་ཞིག  དེ་ཅིའི་ཕྱིར་ཞེ་ན། བུས་ཕ་ལ་བརྙས་པར་བྱེད། བུ་མོས་མ་དང་མནའ་མས་སྒྱུག་མོ་ལ་རྒོལ། མིའི་དགྲ་བོ་ནི་དེ་རང་གི་ཁྱིམ་གྱི་མི་རྣམས་ཡིན་ནོ།  འོན་ཀྱང་ངས་ཡ་ཧོ་ཝཱ་ལ་བལྟ་སྟེ། ངའི་སྒྲོལ་མཛད་ཀྱི་དཀོན་མཆོག་ལ་བསྒུག་པར་བྱ། ངའི་དཀོན་མཆོག་གིས་གསན་པར་འགྱུར།  ཀྱེ་ངའི་དགྲ་བོ། ང་ལ་ཧབ་དགོད་མ་ཐོང་ཞིག ང་འགྱེལ་ནའང་ལང་བར་བྱ། མུན་པ་ལ་བསྡད་དུས་ཡ་ཧོ་ཝཱ་ངའི་འོད་དུ་འགྱུར་བར་འགྱུར།  ཁོང་གིས་ངའི་ཕྱིར་ཁུངས་བསྐྱལ་ནས་ངའི་ཁྲིམས་ཐག་མ་བཅད་པའི་བར་དུ་ངས་ཡ་ཧོ་ཝཱའི་ཐུགས་ཁྲོ་སྲན་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ངས་ཁོང་གི་དྲུང་དུ་སྡིག་པ་བྱས་པ་ཡིན་ནོ། ཁོང་གིས་ང་འོད་ཀྱི་ནང་དུ་དྲངས་ནས། ངས་ཁོང་གི་དྲང་བ་ཉིད་མཇལ་བར་བྱའོ། ༡༠ ངའི་དགྲ་བོས་དེ་མཐོང་ཞིང་། ང་ལ་ད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གང་ན་ཡོད་སྨྲས་པ་དེ་ངོ་ཚས་གཡོག་པར་འགྱུར། ངའི་མིག་གིས་དེ་མཐོང་འོང་། ད་དེ་ནི་ལམ་སྲང་རྣམས་ཀྱི་འདམ་རྫབ་ལྟར་བརྫི་བར་འགྱུར།
༡༡ ཁྱོད་ཀྱི་རྩིག་པ་རྣམས་གྲུབ་པའི་ཚེ། ཉིན་མོ་དེར་ཁྱོད་ཀྱི་ས་མཚམས་ཐག་རིང་པོའི་བར་དུ་རྒྱས་པར་འགྱུར་རོ། ༡༢ ཉིན་མོ་དེར་དེ་དག་ནི་ཨ་སུར་ནས་མི་སེར་དང་། མི་སེར་ནས་གཙང་པོ་དང་། རྒྱ་མཚོ་ནས་རྒྱ་མཚོ་དང་། རི་བོ་ནས་རི་བོའི་བར་དུ་ཁྱེད་རྩར་ཕྱིན་འོང་། ༡༣ འོན་ཀྱང་ས་ལ་གནས་པ་དེ་དག་གི་ལས་འབྲས་ཀྱི་དབང་གིས་ས་གཞི་སྟོངས་པར་འགྱུར་རོ༎
༡༤ རང་གི་མི་སྡེའམ། གཅིག་པུར་ནགས་གསེབ་ཏུ་ཀར་མེལ་གྱི་དབུས་སུ་རང་གི་ནོར་སྐལ་ཡིན་པའི་ཁྱུ་དེ་ཉིད་ཀྱི་དབྱུག་པས་འཚོ་བར་གྱིས་ཤིག དེ་རྣམས་བཱ་ཤན་དང་གིལ་ཨད་ན་སྔ་མ་བཞིན་དུ་འཚོ་རུ་ཆུག ༡༥ མི་སེར་ཡུལ་ནས་ཐོན་པའི་ཉིན་མོ་རྣམས་ཀྱི་ཚུལ་དུ། ངས་དེ་ལ་ངོ་མཚར་ཕྲིན་ལས་བསྟན་པར་བྱའོ། ༡༦ ཕྱི་པའི་མི་བརྒྱུད་རྣམས་ཀྱིས་དེ་མཐོང་ཞིང་། རང་ཤེད་ཚང་མེའི་ཕྱིར་ངོ་ཚ་བར་འགྱུར། རང་གི་ལག་པས་ཁ་དགབ། རྣ་བ་འགུད་འོང་། ༡༧ དེ་དག་སྦྲུལ་ལྟར་ཐལ་བ་ལྡག་ཅིང་། སའི་ལྟོ་འགྲོ་བཞིན་དུ་རང་གི་ཚང་རྣམས་ཀྱི་ནང་ནས་འདར་གྱིན་འཐོན་པར་འགྱུར། དེ་དག་འཇིགས་ཤིང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་ཕྱོགས་སུ་འོང་བར་འགྱུར། འོ་ན། ཁྱོད་ལ་དེ་རྣམས་དངང་སྐྲག་པར་འགྱུར་རོ༎
༡༨ མི་རིགས་པ་སེལ་ཞིང་། ཉིད་ཀྱི་ནོར་སྐལ་གྱི་མི་ལྷག་མ་རྣམས་ཀྱི་སྡིག་པ་ལ་འགྱོད་མི་རྨོ་བ་ཁྱེད་ལྟ་བུའི་དཀོན་མཆོག་གཞན་སུ་ཡོད། ཁོང་གིས་ཐུགས་རྗེ་མཛད་པ་ལ་ཐུགས་མཉེས་པས། དུས་གཏན་དུ་ཐུགས་ཁྲོ་མི་འཇོག ༡༩ ཁོང་གྱུར་ནས་ངེད་ཅག་ལ་ཐུགས་བརྩེ་ཞིང་། ངེད་ཀྱི་སྡིག་པ་རྣམས་ཞབས་འོག་གནོན་པར་འགྱུར། ཁྱེད་ཀྱིས་དེ་དག་གི་ཉེས་སྐྱོན་ཐམས་ཅད་རྒྱ་མཚོའི་གཏིང་དུ་བསྐྱུར་ནས། ༢༠ སྔོན་དུས་ངེད་ཀྱི་ཕ་མེས་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ། ཡ་ཀོབ་ལ་ཁྱེད་ཀྱི་ཐུགས་དྲང་པོ་དང་། ཨབ་ར་ཧམ་ལ་བཀའ་དྲིན་དེ་མངོན་པར་མཛད་པར་འགྱུར་རོ༎ ༎