ད་ཁྱོད་ཡ་ཧོ་ཝཱས་གསུང་བ་ལ་ཉོན། ལོངས་ལ་རིའི་མདུན་དུ་གཏམ་སྡུར་བྱེད་ཅིང་། རི་ཕྲན་རྣམས་ལ་ཁྱོད་ཀྱི་སྒྲ་ཚོར་ཆུག  ཀྱེ་ས་གཞིའི་རི་བོ་རྣམས་དང་ས་གཞིའི། རྩིག་རྨང་བརྟན་པོའི་བྲག་ཁྱོད་ཐམས་ཅད་ཀྱིས། ཡ་ཧོ་ཝཱའི་ཞལ་འཛིང་ལ་ཉོན་ཞིག་དང་། དེ་ཅིའི་ཕྱིར་ཞེ་ན་ཡ་ཧོ་ཝཱ་ལ། ཉིད་ཀྱི་མི་སྡེ་དང་རྩོད་པ་ཞིག་ཡོད། དེས་ཨིས་ར་ཨེལ་གྱི་ཁུངས་སྐྱེལ་བར་བྱ།  ཀྱེ་ངའི་མི་སྡེ་ངས་ཁྱོད་ཅི་ལ་བྱས། གང་གི་ནང་ན་ངས་སེམས་ངལ་དུ་བཅུག དེ་བས་ན་ངའི་ཁར་དཔང་པོ་བྱོས་ཤིག  ངས་ཁྱོད་མི་སེར་ཡུལ་ནས་ཕྱི་རོལ་བཏོན། བྲན་བྱེད་པའི་ཁང་པ་ནས་བླུས་ནས་བསྒྲལ། ཁྱོད་ཀྱི་མདུན་དུ་ངས་མོ་ཤེ་དང་ནི། ཨ་རོན་དང་མིར་ཡམ་ཡང་བཏང་བ་ཡིན།  ཀྱེ་ང་ཡི་མི་སྡེ་ད་ཁྱོད་ཅག་གིས། ཡ་ཧོ་ཝཱའི་ཐུགས་དྲང་བའི་ཕྲིན་ལས་རྣམས། ངོ་འཕྲོད་པའི་ཕྱིར་དུ་མོ་ཨབ་རྒྱལ་པོ། བ་ལག་གིས་བསམ་སྦྱོར་གང་བྱས་པ་དང་། བེ་ཨོར་གྱི་བུ་བ་ལ་ཨམ་གྱིས་ཀྱང་། དེ་ལ་ལན་ཅི་བཏབ་པ་ད་དྲོན་ཞིག ཤིད་ཏིམ་ནས་གིལ་གལ་བར་དྲན་པར་བྱོས།
 ངས་ཅི་འཁུར་ཏེ་ཡ་ཧོ་ཝཱའི་དྲུང་དུ་འགྲོ་བར་བྱ། དཀོན་མཆོག་མཐོན་པོའི་སྤྱན་སྔར་ཇི་ལྟར་བཏུད། སྦྱིན་སྲེག་དང་ལོ་འཁོར་གྱི་བེའུ་རྣམས་དང་ཁོང་གི་སྐུ་དྲུང་དུ་འགྲོ་བར་བྱའམ།  ཡ་ཧོ་ཝཱ་ནི་ར་ཕོ་སྟོང་ཕྲག་རྣམས་དང་། འབྲུ་མར་གྱི་གཙང་པོ་ཁྲི་ཕྲག་རྣམས་ལ་ཐུགས་མཉེས་འགྱུར་རམ། ངའི་སྡིག་པའི་དོན་དུ་རང་གི་སྔོན་སྐྱེས་དང་། ངའི་སེམས་ཀྱི་ཉེས་ལྟུང་གི་དོན་དུ་རང་གི་སྒྱུ་ལུས་ཀྱི་འབྲས་བུ་དབུལ་ལམ།  ཀྱེ་མི། བཟང་པོ་ཡིན་པ་དེ་ཁོང་གིས་ཁྱོད་ལ་བསྟན། ཡང་ལས་དྲང་པོ་དང་སྙིང་རྗེ་ལ་ཆགས་པ་དང་། གུས་པས་རང་གི་དཀོན་མཆོག་དང་ལྷན་ཅིག་ཏུ་སྤྱོད་པ་མ་གཏོགས་པར། གཞན་ཡ་ཧོ་ཝཱས་ཁྱོད་ལས་ཅི་འཚོལ།
 ཡ་ཧོ་ཝཱའི་གསུང་སྐད་ཀྱིས་གྲོང་ཁྱེར་ལ་འབོད། མི་མཛངས་པས་ཁྱེད་ཀྱི་མཚན་ལ་འཇིགས་འོང་། ཁྱོད་ཀྱི་དབྱུག་པ་དང་། དེ་བསྐོས་མཁན་ལའང་ཉོན་ཞིག ༡༠ ད་དུང་ཡང་མི་ངན་པའི་ཁྱིམ་ན་ངན་པའི་ནོར་རྫས་དང་སྨད་དུ་རུང་བའི་འབོ་ཆུང་བ་དེ་ཡོད་དམ། ༡༡ ཟོལ་ཟོག་གི་སྲང་དང་། མགོ་སྐོར་བའི་སྲང་ཚད་ཀྱི་ཐེ་ཁུག་ཡོད་པ་ང་ནོངས་མེད་དུ་རྩི་བར་འགྱུར་རམ། ༡༢ དེའང་དེའི་ཕྱུག་པོ་རྣམས་དབང་ཆོས་ཀྱིས་གང་སྟེ། ཡུལ་དེའི་མི་རྣམས་ཀྱིས་རྫུན་ལབ་ཅིང་། དེ་དག་གི་ཁ་ནང་གི་ལྕེ་ནི་སྒྱུ་ཟོག་ཅན་ནོ། ༡༣ དེའི་ཕྱིར་ངས་ཁྱོད་ལ་རྡུང་ཞིང་། སྣད་པར་བྱ། ཁྱོད་ཀྱི་ཉེས་སྡིག་རྣམས་ཀྱི་ཕྱིར་ཁྱོད་སྟོངས་སུ་གཞུག ༡༤ ཁྱོད་ཟ་ནའང་མི་འགྲང་། ཁྱོད་ཀྱི་ནང་ན་ལྟོགས་རི་ལུས་པར་འགྱུར། ཁྱོད་ཀྱིས་འཛིན་ཡང་བདོག་པར་མི་བྱའི། གང་ཁྱོད་ཀྱིས་བདོག་པ་དེ་ངས་རལ་གྲི་ལ་གཏད་པར་བྱའོ། ༡༥ ཁྱོད་ཀྱིས་ས་བོན་གདབ་ཡང་མི་རྔ་། ཁ་སྐྱུར་རྣམས་འཚིར་ཡང་འབྱུག་པར་མི་འགྱུར། རྒུན་འབྲུམ་འཚིར་ཡང་རྒུན་ཆང་འཐུང་མི་འོང་། ༡༦ དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་སྟོང་པ་དང་དེར་གནས་པའི་ཡུལ་མི་རྣམས་འོ་ཤོ་རུ་སྒྱུར་དུ། ཨོམ་རིའི་སྤྱད་མཚམས་རྣམས་དང་། ཨ་ཧབ་བརྒྱུད་ཀྱི་ལས་རྣམས་ཡིད་ལ་བཅང་སྟེ། ཁྱོད་ཚོས་དེ་དག་གི་གྲོས་བཞིན་སྤྱོད་དོ། དེ་བས་ན་ངའི་མི་ཚོགས་ཀྱི་སྨད་སྒྲ་ཁྱོད་ཀྱིས་ཐོགས་པར་འགྱུར་རོ༎