འོན་ཀྱང་ཡོ་ནཱ་དེ་ལ་རབ་ཏུ་མི་དགའ་བར་གྱུར་ནས་ཤིན་ཏུ་ཁྲོས་ཏེ།  ཡ་ཧོ་ཝཱའི་སྤྱན་སྔར་གསོལ་བ་འདེབས་ཤིང་། ཀྱེ་ཡ་ཧོ་ཝཱ། ངས་ཁྱེད་ལ་གསོལ་ལོ། ང་ད་དུང་རང་ཡུལ་ན་ཡོད་པའི་ཚེ། ངས་འདི་བཞིན་དུ་མ་ཞུས་སམ། དེ་ཕྱིར་སྔོན་དུ་ང་ཐར་ཤིས་སུ་བྲོས་སོ། ཅི་ལ་ཞུ་ན། ཁྱེད་ནི་ཐུགས་རྗེ་ཅན་དང་ནི། ཐུགས་བརྩེ་ལྡན་པའི་དཀོན་མཆོག་ཁྲོ་དལ་ཞིང་། རབ་ཏུ་བཀའ་དྲིན་ཅན་དང་ངན་པ་ལས་ཐུགས་འགྱོད་ཅིང་ལྡོག་པ་ངས་བཤེས་སོ།  ད་ཀྱེ་ཡ་ཧོ་ཝཱ་ངས་ཁྱེད་ལ་གསོལ། ངའི་སྲོག་ང་ལས་བསྣམ་པར་མཛོད་ཅིག ཅི་ལ་ང་འཚོ་བ་བས་འཆི་ཡང་བླའོ། ཞེས་ཞུས་པ་དང་།  ཡ་ཧོ་ཝཱས་དེ་ལ། ཁྱོད་ཁྲོས་པའི་རིགས་སམ་ཞེས་གསུངས་སོ༎
 དེ་ནས་ཡོ་ནཱ་གྲོང་ཁྱེར་ལས་ཐོན་ཏེ། གྲོང་ཁྱེར་གྱི་ཤར་ཕྱོགས་སུ་བསྡད་ནས། གྲོང་ཁྱེར་ལ་ཅི་འབྱུང་བལྟ་བར་རང་གི་ཕྱིར་སྤྱིལ་པོ་ཞིག་བྱས་ཏེ། དེའི་འོག་ཏུ་བསིལ་གྲིབ་ལ་བསྡད་དོ།  དེ་ནས་དེའི་མགོ་ལ་བསིལ་བྱས་ནས་ཡི་མུག་པ་སེལ་བའི་ཕྱིར་དུ་ཡ་ཧོ་ཝཱ་དཀོན་མཆོག་གིས་ཤིང་ཀི་ཀ་ཡོན་བྱ་བ་ཞིག་བསྐྱེད་པར་མཛད་དེ། ཡོ་ནཱའི་སྟེང་དུ་འབྱུང་བཅུག་པས། ཡོ་ནཱ་ཤིང་ཀི་ཀ་ཡོན་དེ་ལ་རབ་ཏུ་ཡི་རངས་པར་གྱུར་ཏོ།  འོན་ཀྱང་ནང་པར་སྔ་དྲོའི་དུས་སུ་དཀོན་མཆོག་གིས་འབུ་ཞིག་བཀོད་པ་དང་། དེས་ཤིང་ཀི་ཀ་ཡོན་དེ་བརྟོལ་ནས། བརྙིད་པར་གྱུར་ཏོ།  ཡང་ཉི་མ་ཤར་བ་ལས་དཀོན་མཆོག་གིས་ཤར་ཕྱོགས་ནས་ཚད་རླུང་ཞིག་རྒྱུག་ཏུ་བཅུག་ནས། ཡོ་ནཱའི་མགོ་ལ་ཉི་མ་ཕོག་སྟེ་བརྒྱལ་བར་གྱུར་ཞིང་། ཚེ་ལས་འདའ་བར་འདོད་དེ། ང་གསོན་པ་བས་འཆི་ཡང་བླའོ་ཞེས་སྨྲས་སོ།  ཡང་དཀོན་མཆོག་གིས་ཡོ་ནཱ་ལ། ཤིང་ཀི་ཀ་ཡོན་དེའི་དོན་དུ་ཁོང་ཁྲོ་བྱེད་པའི་རིགས་སམ། ཞེས་གསུངས་པ་དང་། དེས་ལན་དུ། འཆི་བར་འདོད་པ་ཙམ་དུ་ཁྲོས་པའི་རིགས་སོ་ཞེས་ཞུས་སོ། ༡༠ ཡང་ཡ་ཧོ་ཝཱས་དེ་ལ། མཚན་མོ་ཞིག་ལ་སྐྱེས་ནས་མཚན་མོ་ཞིག་ལ་སྐམ་པ། ཁྱོད་ཀྱིས་མ་འབད་པ་དང་མ་བསྐྱེད་པའི་ཤིང་ཀི་ཀ་ཡོན་ལ་ཁྱོད་སྙིང་རྗེའོ། ༡༡ རང་གི་ལག་པ་གཡས་གཡོན་གྱི་དབྱེ་བ་མི་ཤེས་པའི་མི་ཁྲི་སྐོར་བཅུ་གཉིས་ལས་ལྷག་ཙམ་དང་ཕྱུགས་ཀྱང་མང་པོ་ཡོད་ཡོད་པའི་ནི་ནི་ཝེ་གྲོང་ཁྱེར་ཆེན་པོ་འདི་ལ། ངས་སྙིང་རྗེ་བྱེད་པའི་མི་རིགས་སམ། ཞེས་གསུངས་སོ༎ ༎