ཡང་ཐེངས་གཉིས་པར་ཡ་ཧོ་ཝཱའི་བཀའ་ཡོ་ནཱ་ལ་བྱུང་ནས་འདི་སྐད་དུ།  ལོངས་ཤིག གྲོང་ཁྱེར་ཆེན་པོ་ནི་ནི་ཝེ་ལ་སོང་ཞིག་དང་། ངས་ཁྱོད་ལ་བསྒོ་བའི་བཀའ་ལུང་དེར་ཤོད་ཅིག  དེ་ནས་ཡོ་ནཱ་ཡ་ཧོ་ཝཱའི་བཀའ་བཞིན་དུ་ལངས་ཏེ་ནི་ནི་ཝེར་ཆས་སོ། དེའང་ནི་ནི་ཝེ་ནི་གྲོང་ཁྱེར་རབ་ཏུ་ཆེ་བ་ཞིག་ལགས་ཏེ། རིང་དུ་ཉིན་ལམ་གསུམ་ཡོད་པ་ཡིན།  ཡང་ཡོ་ནཱ་གྲོང་ཁྱེར་དུ་ཞུགས་པར་བརྩམས་ཏེ། ཉིན་ལམ་གཅིག་གི་ས་ཆོད་པ་དང་འབོད་སྒྲོག་ཅིང་། ད་ཡང་ཉིན་ཞག་བཞི་བཅུ་ཐམ་པ་ལུས། དེ་ནས་ནི་ནི་ཝེ་རློག་པར་འགྱུར་རོ། ཞེས་སྨྲས་སོ།  དེ་ནས་ནི་ནི་ཝེ་པ་རྣམས་དཀོན་མཆོག་ལ་དད་དེ། སྨྱུང་གནས་ཕྱིར་བཀར་བཏགས་ཤིང་། མཆོག་དམན་ཚང་མས་སྡུག་གོས་གྱོན་ཏོ༎
 ཡང་ནི་ནི་ཝེའི་རྒྱལ་པོར་ཕྲིན་འདི་བསླེབས་ནས། རང་གི་རྒྱལ་ཁྲི་ལས་བབས་ཏེ། ན་བཟའ་ཕུད་ནས། སྡུག་གོས་ཀྱིས་གཡོགས་ཤིང་། གོག་ཐལ་ན་བསྡད་དེ།  རྒྱལ་པོ་དང་དེའི་སྐུ་དྲག་རྣམས་ཀྱི་བསྒོ་བ་བཞིན་དུ་ནི་ནི་ཝེའི་གནས་ཀུན་ཏུ་བཀར་བཏགས་ཤིང་འདི་སྐད་དུ། མིའམ། དུད་འགྲོའམ། བ་ཁྱུའམ། ལུག་ཁྱུ་གང་གིས་ཅིའང་ཁ་ལ་མ་མྱང་། མ་ཟ་ཞིག ཆུའང་མ་ཐུང་ཞིག  འོན་ཀྱང་མི་དང་དུད་འགྲོ་གཉིས་པོས་སྡུག་གོས་གྱོན་ལ། དཀོན་མཆོག་གི་དྲུང་དུ་དྲག་ཏུ་ངུས་ཤིག དེས་མ་ཟད་རེ་རང་གི་ལམ་ངན་པ་དང་། རེ་རང་གི་ལག་ན་ཡོད་པའི་དབང་ཆོས་སྤོང་ཞིག  སུས་ཤེས། ངེད་ཅག་སྲོག་དང་མི་འབྲལ་བའི་ཕྱིར་དཀོན་མཆོག་བསྒྱུར་ནས་ཐུགས་འགྱོད་མཛད་དེ། ཁོང་ཉིད་ཀྱི་ཐུགས་ཁྲོ་གཏུམ་པ་ལས་བསྒྱུར་ལས་ཆེ། ཞེས་འབོད་བསྒྲགས་སོ༎
༡༠ ཡང་དཀོན་མཆོག་གིས་དེ་རྣམས་རེ་རང་གི་ལམ་ངན་པ་ལས་ལོག་པའི་ལས་རྣམས་ལ་གཟིགས་པ་དང་། དཀོན་མཆོག་གིས་དེ་དག་ལ་གསུངས་པའི་བར་ཆོད་ཀྱི་ཕྱིར་ཐུགས་འགྱོད་ནས་དེ་བཞིན་དུ་མ་མཛད་དོ༎