༣
ངོ་ལོག་མཁན་དང་། གྲིབ་ཅན་དང་། དབང་ཤེད་བྱེད་པའི་གྲོང་ཁྱེར་དེ་ལ་བཀྲ་མི་ཤིས། ༢ དེས་བཀའ་ལའང་མ་ཉན། ཞལ་གདམས་ཀྱང་མ་བླངས། ཡ་ཧོ་ཝཱ་ལ་བློ་གདེང་ཡང་མ་བྱས། རང་གི་དཀོན་མཆོག་གི་འཁོར་དུ་ཡང་མ་འོངས་སོ། ༣ དེའི་ནང་ན་ཡོད་པའི་མི་དཔོན་རྣམས་ནི་ངར་སྐད་འདོན་པའི་སེང་གེ་དང་། ཁྲིམས་དཔོན་རྣམས་ནི་དགོངས་མོར་འཐོན་པའི་སྤྱང་ཀི་སྟེ། ནང་མོའི་བར་དུ་རུས་པ་མུར་འཕྲོ་མི་ཟིན། ༤ དེའི་ལུང་སྟོན་པ་རྣམས་ནི་གཏད་མེད་ཅིང་སྒྱུ་ཟོག་ཅན་ནོ། དེའི་བླ་མ་རྣམས་ཀྱིས་གནས་དམ་པ་གྲིབ་ཀྱིས་བསྒོས་ཏེ། བཀའ་ཁྲིམས་ལ་རྒོལ་བར་བྱས་སོ། ༥ དེའི་དཀྱིལ་ན་བཞུགས་པའི་ཡ་ཧོ་ཝཱ་ཐུགས་དྲང་ཞིང་། མི་རིགས་པ་མི་མཛད་པར། ནང་མོ་རེ་བཞིན་དུ་ཉིད་ཀྱི་ཁྲིམས་དྲང་པོ་འོད་དུ་འབྱིན་པར་འབྱོན་ཤག་སྟེ། འོན་ཀྱང་ཆོས་མེད་མིས་ངོ་ཚ་བ་མི་ཤེས་སོ། ༦ ངས་མི་བརྒྱུད་རྣམས་བཅད་ནས་ཕངས། དེ་དག་གི་སྤེའུ་རྣམས་བཤིག ལམ་སྲང་རྣམས་སྟོང་པ་བྱས་པས། དེའི་མདུན་ན་འགྲུལ་མཁན་སུའང་མེད། དེ་དག་གི་གྲོང་ཁྱེར་རྣམས་བཤིག་པས། དེའི་ནང་ན་མི་གང་ཡང་མེད་པར། གཞིས་ཆགས་པ་གང་ཡང་མ་ལུས། ༧ དེའི་ཆེད་དུ་ཐག་བཅད་པ་ཐམས་ཅད་བཞིན་དུ། ཡུལ་དེ་བཅད་པར་མི་འགྱུར་བའི་དོན་དུ། ངས་དེ་ལ་བདག་ལ་བག་འབའ་ཞིག་བྱེད་ཅིང་། ཞལ་གདམས་དང་དུ་ལོངས་ཤིག་བསྐུལ་རུང་། དེ་དག་སྔ་སོར་ལངས་ནས་རང་གི་བྱ་བ་ཐམས་ཅད་རླགས་པར་བྱས་སོ༎༨ དེ་བས་ན། ངས་འཕྲོག་ཏུ་བཞེང་བའི་ཉིན་མོའི་བར་དུ་ཁྱོད་ཅག་ང་ལ་སྒུག་གིན་སྡོད་ཅིག་ཅེས་ཡ་ཧོ་ཝཱས་གསུང་ངོ་། དེ་ཅིའི་ཕྱིར་ཞེ་ན། མི་བརྒྱུད་རྣམས་བསྡུས་ནས། རྒྱལ་ཁམས་རྣམས་བསགས་ནས། ངའི་ཐུགས་ཁྲོ་བ་དང་ཁྲོ་གཏུམ་འཇིགས་སུ་རུང་བ་ཐམས་ཅད་དེ་དག་ལ་འབེབས་པ་ནི་ངའི་འདུན་པ་ཡིན། གང་ལ་ཞེ་ན། བདག་གི་འཁྲེན་སེམས་ཀྱི་མེས་ས་ཐམས་ཅད་འགམ་པར་འགྱུར་བའི་ཕྱིར་རོ༎
༩ དེ་ཅིའི་ཕྱིར་ཞེ་ན། མི་ཡོད་དོ་ཅོག་གིས་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་། དཔུང་པ་གཅིག་ཏུ་དྲིལ་ནས་ཁོང་ལ་རིམ་འགྲོ་བྱེད་པའི་དོན་དུ། ངས་མི་རྣམས་ཀྱི་ཁ་ལྤགས་ལྷད་མེད་དུ་བྱའོ། ༡༠ དེ་ནས་ཀུས་ཀྱི་གཙང་པོ་རྣམས་ཀྱི་ཕ་རོལ་ནས། ང་ལ་བརྟེན་པའི་ངའི་མི་འཁྱམ་པོ་རྣམས་ཀྱི་བུ་མོས་ཀྱང་བདག་ལ་འབུལ་བྱའི་མཆོད་པ་འཁྱེར་འོང་། ༡༡ ཉིན་མོ་དེར་ཁྱོད་ཅག་གིས་ང་ལ་བརྟེན་ནས་སྡིག་པ་བྱས་པའི་ལས་ཀུན་གྱི་ཕྱིར་སྐྱེངས་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་ངས་ཁྱོད་ཅག་གི་ཁྲོད་ན་ཁྱོད་ཅག་གི་ང་རྒྱལ་ཅན་དང་རང་མཐོང་ཅན་གྱི་མི་རྣམས་གདོན་པ་དང་། སླར་ཁྱོད་ཀྱིས་ངའི་རི་བོ་དམ་པ་རུ་ང་རྒྱལ་གྱིས་སྙེམས་པར་མི་འགྱུར་རོ། ༡༢ ཡང་ངས་ཁྱོད་ཅག་གི་དཀྱིལ་ན་སྡུག་གིས་གདུངས་པའི་མི་བརྒྱུད་དབུལ་པོ་ཞིག་འཇོག་པར་བྱ། དེ་དག་གིས་ཡ་ཧོ་ཝཱའི་མཚན་ལ་བློ་གཏོད་པར་འགྱུར། ༡༣ ཨིས་ར་ཨེལ་གྱི་ལྷག་མས་མི་ཚངས་པ་མི་སྤྱོད་ཅིང་། རྫུན་ཚིག་མི་སྨྲ་བར། དེ་དག་གི་ཁ་ནང་གཡོ་སྒྱུའི་ལྕེ་རྙེད་པར་མི་འགྱུར་གྱི། དེ་དག་ཁ་ཟས་ཟ་ཞིང་ཉལ་བ་དང་། དེ་དག་སུས་ཀྱང་སྐྲག་པར་མི་བྱའོ༎
༡༤ ཀྱེ་ཙི་ཨོན་གྱི་བུ་མོ། གླུ་ལེན་ཞིག ཀྱེ་ཨིས་ར་ཨེལ། ཀུ་སྒྲ་སྒྲོག་ཅིག ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ། རང་གི་སྙིང་ཚང་མ་དགའ་ཞིང་ཡི་རངས་ཤིག ༡༥ ཡ་ཧོ་ཝཱས་ཁྱོད་ཀྱི་བཀའ་ཆད་རྣམས་ཕར་ཁྱེར་ཏེ། ཁྱོད་ཀྱི་དགྲ་བོ་ཕྱི་རོལ་དུ་བསྐྲད་དེ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་རྒྱལ་པོ་ཁྱོད་ཀྱི་དཀྱིལ་ན་བཞུགས་པས། སླར་ཁྱོད་ཀྱིས་སྡུག་བསྔལ་མཐོང་བར་མི་འགྱུར། ༡༦ ཉིན་མོ་དེར་ཡེ་རུ་ཤ་ལེམ་ལ་ཁྱོད་མ་འཇིགས་ཤིག་དང་། ཙི་ཨོན་ལ་ཁྱོད་ཀྱི་ལག་པ་ལྷོད་པོར་མ་གྱུར་ཅིག་ཅེས་གསུང་བར་འགྱུར་རོ། ༡༧ ཁྱོད་ཀྱི་དཀྱིལ་ན་བཞུགས་པའི་ཁྱོད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ནི་མཐུ་ལྡན་ལགས་ཏེ། ཁོང་ཉིད་ཀྱིས་སྐྱབས་མཛད་དེ། ཁྱོད་ཁོང་གི་ཐུགས་སུ་བབ་ནས་དགྱེས་པར་འགྱུར། ཁོང་ཉིད་ཀྱི་བྱམས་ཐུགས་ཀྱི་ངང་ན་ཞལ་རོག་ཅིང་། དབྱངས་བཞེས་ཤིང་ཁྱོད་ཀྱི་དོན་དུ་དགའ་མགུ་བར་འགྱུར་རོ། ༡༨ ཁྱོད་ཀྱི་ནང་ནས་མི་ཚོགས་དམ་པའི་ཕྱིར་མྱ་ངན་བྱེད་པ་དང་། དེའི་རྐྱེན་གྱིས་སྨོད་ཟོར་གྱི་ཁལ་ཡོད་པ་རྣམས་ངས་སྡུད་པར་བྱ། ༡༩ ཀྱེ་ཧོ་དེའི་ཚེ་ངས་ཁྱོད་ལ་བཙེས་པ་ཐམས་ཅད་ཚར་བཅད་དེ། ཞ་བོ་ནི་བསྒྲལ་ཏེ། བསྐྲད་པ་དེ་སྡུད་པར་བྱ། དེ་དག་སྐྱེངས་སུ་བཅུག་པའི་ཡུལ་དེ་ཀ་རྣམས་སུ་སྟོད་སྒྲ་འཁྱིལ་ལེ་བ་དང་སྙན་གྲགས་ཅན་དུ་བྱའོ། ༢༠ དུས་དེ་རང་ལ་ངས་ཁྱོད་ཅག་འདྲེན་ཏེ། དུས་དེ་རང་ལ་ཁྱོད་ཅག་སྡུད་པར་ཡང་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གི་མིག་གི་མདུན་ལས་ཁྱོད་ཅག་གི་བཙོན་གྱི་གནས་ཚུལ་དེ་མེད་པར་བྱེད་དུས། ས་གཞིའི་མི་རིགས་ཐམས་ཅད་ཀྱི་ནང་ན་ཁྱོད་ཅག་སྙན་གྲགས་དང་ལྡན་པ་དང་། སྟོད་སྒྲ་འཁྱིལ་ལེ་བ་རུ་བྱེད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎ ༎