༡༤
ཀྱེ་ཧོ། ཡ་ཧོ་ཝཱའི་ཉིན་མོ་ཞིག་འབྱོན་པས། ཁྱོད་ཀྱི་བཅོམ་ནོར་ནི་ཁྱོད་ཀྱི་ནང་ན་བགོ་བཤའ་བྱ།  དེ་ཅིའི་ཕྱིར་ཞེ་ན། ཡེ་རུ་ཤ་ལེམ་ལ་དམག་འདྲེན་ཞིང་འཐབ་པའི་ཕྱིར་ངས་མི་བརྒྱུད་ཐམས་ཅད་བསྡུ་བ་དང་། གྲོང་ཁྱེར་ནི་གཟུང་། ཁྱིམ་རྣམས་ནི་གཞོམ། བུད་མེད་རྣམས་ལ་ནི་མི་རིགས་པ་བྱ། གྲོང་ཁྱེར་ཕྱེད་ཀ་བཙོན་དུ་འཁྱེར་ཡང་། ཕྱི་ལུས་གྲོང་ཁྱེར་གྱི་ནང་ནས་མེད་པར་མི་བྱའོ།  དེ་ནས་ཡ་ཧོ་ཝཱ་བཞེངས་ཏེ། སྔོན་འཐབ་པའི་ཉིན་པར་འཐབ་པ་བཞིན་དུ་མི་བརྒྱུད་དེ་དག་ལ་འཐབ་པར་འགྱུར།  ཡང་ཉིན་དེར་ཁོང་གི་ཞབས་ཡེ་རུ་ཤ་ལེམ་གྱི་མདུན་གྱི་ཤར་ན་གདའ་བའི་ཁ་སྐྱུར་པོའི་རི་ལ་འཇོག་པ་དང་། ཁ་སྐྱུར་པོའི་རིའི་དཀྱིལ་ནས་ནུབ་ཕྱོགས་དང་ཤར་ཕྱོགས་སུ་བལྟས་ནས་འགེས་ཤིང་། ལུང་པ་རབ་ཏུ་ཆེན་པོ་ཞིག་འཐོན་པར་འགྱུར། ཡང་རི་དེའི་ཕྱེད་ཁ་བྱང་ཕྱོགས་དང་། ཕྱེད་ཁ་ལྷོ་ཕྱོགས་སུ་འགྲིལ་བར་འགྱུར།  དེ་ནས་ཁྱོད་རྣམས་ངའི་རི་བོ་རྣམས་ཀྱི་ལུང་པར་འབྲོས་པར་བྱ། གང་ལ་ཞེ་ན། རི་བོ་རྣམས་ཀྱི་ལུང་པ་ཨ་ཟལ་བར་དུ་སླེབ་འོང་། འོ་ན། ཇི་ལྟར་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱའི་ཉིན་མོ་རྣམས་སུ་ས་འགུལ་གྱི་མདུན་ལས་བྲོས་པ་དང་འདྲ་བར་ཁྱོད་ཅག་འབྲོས་པར་འགྱུར། ཡང་ཡ་ཧོ་ཝཱ་ངའི་དཀོན་མཆོག དམ་པ་ཀུན་དང་བཅས་སུ་ཁྱེད་གཤེགས་པར་འགྱུར་རོ༎
 ཡང་ཉིན་མོ་དེར་འོད་དང་མུན་པ་ནི་མི་འཆར་གྱི།  ཡ་ཧོ་ཝཱས་མཁྱེན་པའི་ཉིན་མོ་ཡང་མིན་པ་དང་མཚན་མོ་ཡང་མིན་པའི་ཞག་གཅིག་འཆར་བར་འགྱུར་བ་ལས། དགོངས་མོའི་དུས་སུ་ཡང་འོད་དང་ལྡན་པར་འགྱུར་རོ༎
 ཡང་ཉིན་མོ་དེ་ཀར་ཡེ་རུ་ཤ་ལེམ་གྱི་ནང་ནས་གསོན་པོའི་ཆུ་རྣམས་ཐོན་ཏེ། དེའི་ཕྱེད་ནི་ཤར་རྒྱ་མཚོའི་ཕྱོགས་དང་། ཕྱེད་ནི་ནུབ་རྒྱ་མཚོའི་ཕྱོགས་སུ་དབྱར་དགུན་གཉིས་པོར་འབྲུབ་འོང་།
 ཡང་ཡ་ཧོ་ཝཱས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཏེ། ཉིན་མོ་དེར་ཡ་ཧོ་ཝཱ་གཅིག་གཅིག་དང་། ཁོང་གི་མཚན་གཅིག་གཅིག་ལུས་པར་འགྱུར། ༡༠ ཡུལ་ཐམས་ཅད་གེ་བཱ་ནས་ཡེ་རུ་ཤ་ལེམ་གྱི་ལྷོར་ཡོད་པའི་རིམ་མོན་གྱི་བར་དུ་ཐང་འདྲ་བར་འགྱུར་ཞིང་། ཡེ་རུ་ཤ་ལེམ་འཕགས་པར་གྱུར་ཏེ། བེན་ཡ་མིན་གྱི་རྒྱ་སྒོ་ནས་སྔ་མའི་རྒྱ་སྒོའི་བར་དུ་དང་། གྲུའི་རྒྱ་སྒོའི་བར་དུ་དང་། ཧ་ནཱ་ནེ་ཨེལ་གྱི་སྤེའུ་ནས་རྒྱལ་པོའི་རྒུན་གྱི་འཆག་གཞོང་རྣམས་ཀྱི་བར་དུ་རང་གནས་སུ་འཚུགས་པར་འགྱུར་ཞིང་། ༡༡ མི་རྣམས་དེར་གཞིས་ཆགས་ཏེ། སླར་དེར་དམོད་པ་ཅིའང་མི་འབྱུང་གི། ཡེ་རུ་ཤ་ལེམ་ནི་ཉེ་ཞོ་མེད་པར་གནས་པར་འགྱུར་རོ༎
༡༢ ཡེ་རུ་ཤ་ལེམ་ལ་དམག་འདྲེན་པའི་མི་བརྒྱུད་ཐམས་ཅད་ལ་ཡ་ཧོ་ཝཱས་བརྡེག་བྱའི་རིམས་ནད་འདི་ལྟར་རོ། མི་རྣམས་རྐང་པ་བཙུག་བཞིན་ཡོད་དུས་སུ་དེའི་ཤ་རུལ་བར་འགྱུར། དེ་དག་གི་མིག་རྣམས་ཀྱང་མིག་ཁུང་ནང་དུ་རུལ་བར་འགྱུར། དེ་དག་གི་ལྕེ་ཡང་ཁ་ནང་རུལ་བར་འགྱུར། ༡༣ ཡང་དེའི་ཉིན་པར་ཡ་ཧོ་ཝཱའི་ཕྱོགས་ལས་དེ་དག་གི་ཁྲོད་དུ་འཇིགས་སྣང་ཆེན་པོ་ཞིག་བབས་ཏེ། དེ་དག་གི་ནང་ནས་རེ་རེས་རང་གི་ཁྱིམ་མཚེས་པའི་ལག་པར་འཇུ་བ་ལས། རེ་རེའི་ལག་པས་རང་གི་ཁྱིམ་མཚེས་པའི་ལག་པར་རྡེག་པར་འགྱུར། ༡༤ ཡ་ཧུ་དཱ་ཡང་ཡེ་རུ་ཤ་ལེམ་གྱི་ནང་ན་འཐབ་ཅིང་། མཐའ་འཁོར་གྱི་ཕྱི་པ་ཐམས་ཅད་ཀྱི་ནོར་བསྡུས་ཏེ། གསེར་དང་། དངུལ་དང་། གོས་ཀྱི་ཕུང་པོ་བསྡུ་བར་འགྱུར་རོ། ༡༥ ཡང་དེ་ལྟ་བུའི་རིམས་ནད་དམག་སྒར་ན་ཡོད་པའི་རྟ་དང་། དྲེའུ་དང་། རྔ་བོང་དང་། དུད་འགྲོ་ཐམས་ཅད་ལ་འཕོག་པར་འགྱུར་རོ༎
༡༦ དེ་ནས་མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་ཡེ་རུ་ཤ་ལེམ་ལ་དམག་དྲངས་ནས་ཐར་པ་རྣམས། ལོ་ལྟར་དཔུང་ཆེན་གྱི་ཡ་ཧོ་ཝཱ་རྒྱལ་པོ་ལ་ཕྱག་འཚལ་བ་དང་། སྤྱིལ་བུའི་དུས་ཆེན་སྲུང་དུ་ཡར་ཆས་པར་འགྱུར། ༡༧ ཡང་ས་གཞིའི་ཁྱིམ་ཚང་ཐམས་ཅད་ལས་སུ་སུ་དཔུང་ཆེན་གྱི་ཡ་ཧོ་ཝཱ་རྒྱལ་པོའི་སྤྱན་སྔར་ཕྱག་འཚལ་དུ་ཡེ་རུ་ཤ་ལེམ་ལ་མི་འོང་བ་ཀུན་ལ་ཆར་ཆུ་མི་འབབ། ༡༨ ཡང་གལ་ཏེ་མི་སེར་གྱི་ཁྱིམ་ཚང་ཡར་མི་འགྲོ་ཞིང་མི་འོང་ན། དེ་ནས་དེ་དག་ལའང་ཆར་པ་མི་འབབ་ཀྱི། སྤྱིལ་བུའི་དུས་ཆེན་སྲུང་དུ་མི་འོང་བའི་ཕྱི་པ་རྣམས་ལ་རྡེག་བྱའི་རིམས་ནད་དེས་དེ་དག་ཀྱང་ཐེབས་པར་འགྱུར་རོ། ༡༩ དེ་ནི་སྤྱིལ་བུའི་དུས་ཆེན་ལ་ཡར་མི་འགྲོ་བའི་མི་སེར་པ་དང་ཕྱི་པ་ཐམས་ཅད་ཀྱི་ཆད་པ་ཡིན་ནོ༎
༢༠ ཉིན་མོ་དེར་རྟ་རྣམས་ཀྱི་སྲབ་ཐུར་གྱི་ཁར། ཡ་ཧོ་ཝཱ་ལ་བསྔོས་པ་ལགས་ཞེས་པའི་ཡི་གེ་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་ཟངས་བུ་རྣམས་ནི་མཆོད་ཁྲིའི་མདུན་གྱི་ཏིང་རྣམས་དང་འདྲ་བར་དམ་པར་འགྱུར། ༢༡ དེས་མ་ཟད། ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་ནང་གི་ཟངས་བུ་ཐམས་ཅད་དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཕྱིར་སྔོ་བར་འགྱུར་ཞིང་། མཆོད་པ་འབུལ་མཁན་ཐམས་ཅད་འོངས་ཏེ། དེ་དག་གི་ཁྲོད་ནས་བླངས་ཏེ། དེའི་ནང་དུ་སྐོལ་བར་འགྱུར། ཡང་ཉིན་མོ་དེར་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱའི་ཕོ་བྲང་ན་ཚོང་པ་གང་ཡང་ཡོད་པར་མི་འགྱུར་རོ༎ ༎