༡༣
ཉིན་མོ་དེར་སྡིག་པ་དང་གྲིབ་འདག་པའི་ཕྱིར་དུ་དཱ་བིད་ཀྱི་མི་བརྒྱུད་དང་ཡེ་རུ་ཤ་ལེམ་པ་རྣམས་ཀྱི་དོན་དུ་ཆུ་མིག་ཅིག་རྡོལ་བར་འགྱུར།
 ཡང་ཞག་དེར་འབྱུང་རྒྱུ་ནི། དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། ངས་ཡུལ་ལས་སྐུ་འདྲའི་མིང་རྣམས་མེད་པར་བྱ་བ་དང་། སུས་ཀྱང་དེ་དག་དྲན་པར་མི་འགྱུར། ཡང་ངས་ལུང་སྟོན་པ་དང་གདོན་མི་གཙང་བ་རྣམས་ཡུལ་ལས་སྐྲད་པར་བྱའོ།  དེའི་ཚེ་མི་གང་ཞིག་གིས་ལུང་སྟོན་ན། དེ་རང་སྐྱེས་པའི་ཕ་དང་མས་དེ་ལ། ཁྱོད་ཀྱིས་ཡ་ཧོ་ཝཱའི་མཚན་ནང་བརྫུན་སྨྲ་བས། ཚེ་འཚོ་བར་མི་འགྱུར་ཞེས་ཟེར་འོང་། ཡང་དེས་ལུང་སྟོན་དུས། དེ་རང་སྐྱེས་པའི་ཕ་དང་མས་འབིགས་པར་བྱ།  ཡང་ཉིན་མོ་དེར་ལུང་སྟོན་པ་རྣམས་ལས་སུས་ཀྱང་ལུང་བསྟན་པའི་ཚེ། རེ་རང་གི་ཞལ་གཟིགས་ཀྱི་ཕྱིར་ཁ་སྐྱེངས་པར་འགྱུར། ཡང་དེ་དག་གིས་སླུ་བར་བྱེད་པའི་གོས་རྩིང་བ་མི་གྱོན་གྱི།  རེ་རེ་ཡིས་ང་ནི་ལུང་སྟོན་པ་མ་ཡིན་ཏེ། ས་འབད་པ་ཡིན། ཅི་ལ་ཞེ་ན། བདག་ན་སོ་ཕྲ་མོ་ནས་བྲན་པོར་བཞག་པའི་ཕྱིར་རོ་ཞེས་སྨྲ་བར་འགྱུར།  ཡང་གཅིག་གིས་དེ་ལ་ཁྱོད་ཀྱི་ལག་པ་གཉིས་ཀྱི་བར་ལ་ཡོད་པའི་རྨ་འདི་རྣམས་ཅི་ཡིན་འདྲི་བ་དང་། དེས་ལན་དུ། ངའི་ཟླ་བོ་རྣམས་ཀྱི་ཁྱིམ་དུ་ཕོག་པའི་རྨ་རྣམས་སོ་ཞེས་སྨྲ་བར་འགྱུར།
 ཀྱེ་རལ་གྲི། ངའི་ལུག་རྫི་དང་ངའི་ཟླ་གྲོགས་དེ་ལ་རྒོལ་དུ་གཉིད་སོད་ཅིག་ཅེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་། ལུག་རྫིར་རྡེག་ཅིག་དང་ལུག་ཁྱུ་ཁ་འཐོར་བར་འགྱུར་ཏེ། ཆུང་ངུ་རྣམས་ལ་ངའི་ལག་པས་རྡེག་པར་བྱ།  དེའི་དུས་སུ་ཡ་ཧོ་ཝཱའི་བཀའ་ནི། ཡུལ་ཁམས་ཧྲིལ་པོའི་ནང་ནས་ཆ་གཉིས་གཅད་ཅིང་འཆི་བར་འགྱུར་ཡང་། གསུམ་ཆ་ཞིག་ལུས་པར་འགྱུར།  ཡང་ངས་གསུམ་ཆ་དེ་མེའི་དཀྱིལ་ནས་སྲུལ་ཞིང་། དངུལ་གྱི་ལྷད་འདོན་པ་བཞིན་དེ་དག་གི་ལྷད་གདོན། གསེར་སད་པ་བཞིན་དེ་དག་སད་པར་བྱ་བ་དང་། དེ་དག་གིས་ངའི་མཚན་བརྗོད་པས། ངས་གསན་པར་བྱ་ཞིང་། འདི་ནི་ངའི་འབངས་ལགས་གསུང་བའི་ལན་དུ། དེ་དག་གིས་ཡ་ཧོ་ཝཱ་ནི་ངའི་དཀོན་མཆོག་ལགས། ཞེས་སྨྲ་བར་འགྱུར་རོ༎