༡༣
མཆོད་ཁང་ནས་ཕྱི་རོལ་དུ་ཕེབས་པ་ལས། ཉེ་གནས་གཅིག་གིས། སྟོན་པ་ལགས། ཇི་ལྟ་བུའི་རྡོ་དང་། ཁང་རྒྱ་འདུག གཟིགས་ཤིག་ཞུས་པ་དང་།  ཡེ་ཤུས། ཁང་རྒྱ་ཆེན་པོ་འདི་མཐོང་ངམ། རྡོ་གཅིག་ཀྱང་མ་ལུས་པར་རློག་པར་འགྱུར་གསུངས་སོ༎
 ཡང་ཁ་སྐྱུར་པོའི་རི་ལ། མཆོད་ཁང་གི་ཐད་ཀར་བཞུགས་ཡོད་པའི་ཚེ། པེ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་དང་། ཨན་དྲེ་ཨས་ཟུར་དུ་ཁོང་ལ།  དེ་ནམ་འབྱུང་འོང་། དེ་རྣམས་འགྲུབ་དུས་ཀྱི་རྟགས་ཅི་ཡིན་ང་ཚོར་འཆད་དུ་གསོལ་ཞུས་པ་དང་།  ཡེ་ཤུས་བཀའ་ལན་དུ། ཁྱེད་སླུ་བར་མ་འགྱུར་ཞིག  མང་པོས་ངའི་མིང་འཁུར་ནས་འོངས་ཏེ་ང་ཡིན་ཟེར་ཞིང་མང་པོ་བསླུ་འོང་།  དམག་དང་དམག་གི་སྐད་ཆ་ཐོས་པའི་ཚེ་མ་འཇིགས་ཤིག དེ་འབྱུང་དགོས། ད་དུང་མཐའ་མ་མིན།  མི་རྒྱུད་དང་རྒྱལ་ཁག་ཕན་ཚུན་ལང་འོང་། ཡུལ་སོ་སོར་ས་གཡོ་དང་མུ་གེ་འབྱུང་འོང་། དེ་རྣམས་ནི་ཟུག་གཟེར་གྱི་ཐོག་མ་ཡིན། ༩-༡༠ རང་གི་དོན་དུ་གཅང་གྲུང་བྱོས་ཤིག སྔོན་ལ་མི་རྒྱུད་ཐམས་ཅད་ལ་ཕྲིན་བཟང་འཆད་པ་གལ་ཆེ་བས། ངའི་དོན་དུ་དེ་རྣམས་ལ་དཔང་བྱེད་ཕྱིར། ཁྱོད་ཚོ་ཁྲིམས་རར་གཏད་འོང་། འདུ་ཁང་ནང་བརྡུང་འོང་། སྤྱི་ཁྱབ་དང་རྒྱལ་པོ་རྣམས་ཀྱི་མདུན་དུ་འཁྱེར་འོང་ངོ་། ༡༡ ཁྲིམས་རར་གཏོད་པའི་དུས་སུ། ཅི་ཟེར་སེམས་ཤིང་སྔོན་ལ་མ་འཚེར་ཞིག གཏམ་བྱེད་མཁན་ཁྱོད་མ་ཡིན། དམ་པའི་ཐུགས་ཉིད་ཡིན་པས། དུས་ཚོད་དེ་རང་ལ་ཇི་གནང་བ་དེ་ཟེར་ཞིག ༡༢ སྤུན་གྱིས་སྤུན་དང་། ཕས་བུ་གསོད་པའི་ཕྱིར་གཏད་འོང་། ཕྲུ་གུས་ཕ་མའི་དགྲར་ལངས་ཏེ་དེ་དག་གསད་འོང་། ༡༣ ངའི་མཚན་གྱི་དོན་དུ། ཐམས་ཅད་ཀྱིས་ཁྱོད་ཚོར་སྡང་འོང་། མཐའ་མའི་བར་དུ་སྲན་ཚུགས་པ་དེ་ཐར་བར་འགྱུར་རོ༎
༡༤ ཀློག་མཁན་གྱིས་གོ་ཞིག སྟོང་བྱེད་ཀྱི་མི་གཙང་བ་དེ་མི་ཆོག་པའི་གནས་དེར་ལང་བ་མཐོང་བའི་ཚེ། ཡ་ཧུ་དཱ་རུ་ཡོད་པ་རྣམས་རི་ལ་བྲོས་ཤིག ༡༥ ཐོག་ཁར་ཡོད་པ་དེ་མི་འབབ་ཅིང་། ཁང་པའི་ནང་ཇི་ཞིག་ལེན་ཕྱིར་མ་ཞུགས་ཤིག ༡༦ ཀླུངས་ལ་ཡོད་པ་གོས་ལེན་དུ་ལོག་མ་འགྲོ་ཞིག ༡༧ དེའི་ཚེ་སྦྲུམ་མ་དང་ནུ་མ་སྣུན་མཁན་རྣམས་སྙིང་རེ་རྗེ། ༡༨ བྱ་བ་འདི་དགུན་ཀར་མི་འབྱུང་བའི་ཕྱིར་གསོལ་བ་ཐོབ་ཅིག ༡༩ དཀོན་མཆོག་གིས་ཐོག་མར་བཀོད་པ་ནས། ད་ལྟའི་བར་དུ་མ་བྱུང་བ། ཕྱིས་ཀྱང་མི་འབྱུང་བའི་སྡུག་བསྔལ་ཞག་དེ་ལ་བྱུང་བར་འགྱུར་རོ། ༢༠ གཙོ་བོས་ཞག་དེའི་གྲངས་ཕྲིས་པ་མ་ཡིན་ན། སུའང་མི་ཐར། ཁོང་གིས་འདམས་པ་རྣམས་ཀྱི་དོན་དུ་ཞག་དེ་རྣམས་ཕྲིས་པ་ཡིན། ༢༡ དེའི་ཚེ་མཱ་ཤི་ཀ་འདིར་བཞུགས་དེར་བཞུགས་སུས་ཟེར་ན་ཡིད་མ་ཆེས་ཤིག ༢༢ མཱ་ཤི་ཀ་རྫུས་མ་དང་ལུང་སྟོན་པ་རྫུས་མ་འཐོན་ཞིང་། ཐུབ་ན་འདམས་པའང་བསླུ་བའི་ཕྱིར་ངོ་མཚར་བའི་ལྟས་བསྟན་འོང་། ༢༣ ཁྱོད་ཚོ་གཅང་གྲུང་བྱོས་ཤིག ངས་ཁྱོད་ཚོར་ཐམས་ཅད་སྔོན་དུ་བཤད་དོ༎
༢༤ སྡུག་བསྔལ་དེའི་འོག་ཏུ་ཉི་མ་མུན་པར་འགྱུར། ཟླ་བས་འོད་མི་གཏང་། ༢༥ གནམ་ནས་སྐར་མ་ལྷུང་། གནམ་གྱི་མཐུ་སྟོབས་གཡོ་བར་འགྱུར། ༢༦ དེ་ནས་མིའི་བུ་དབང་ཆེན་པོ་དང་གཟི་བརྗིད་དང་ལྡན་ཞིང་སྤྲིན་གྱི་ནང་ནས་འབྱོན་པ་མཐོང་འོང་། ༢༧ དེ་ནས་ཁོང་གི་ཕོ་ཉ་རྣམས་མངགས་ཏེ། འཇིག་རྟེན་གྱི་མཐའ་མ་ནས་ནམ་མཁའི་མཐའ་མའི་བར་དུ། ཕྱོགས་བཞི་ནས། ཉིད་ཀྱི་འདམས་པ་རྣམས་བསྡུ་བར་འགྱུར་རོ༎
༢༨ སེ་ཡབ་ཤིང་ནས་དཔེ་སློབས་ཤིག དེའི་ཡལ་ག་མཉེན་པོར་འགྱུར་ཏེ་ལོ་མ་འབུར་བ་དང་། དབྱར་ཀ་ཉེ་བར་ཤེས་སོ། ༢༩ དེ་ལྟར་ཁྱོད་ཚོས་དེ་འབྱུང་བ་མཐོང་བ་དང་། དེ་ནི་ཉེ་བ་སྒོ་རྩར་བསླེབས་ཡོད་པར་ཤེས་འོང་། ༣༠ དེ་ཐམས་ཅད་འགྲུབ་པའི་བར་དུ་མི་རབས་འདི་འདའ་བར་མི་འགྱུར་ངས་བདེན་པར་ཟེར། ༣༡ གནམ་ས་གཉིས་འདའ་བར་འགྱུར་ཡང་ངའི་བཀའ་འདའ་བར་མི་འགྱུར།
༣༢ ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ལ་ཡབ་ཀྱིས་མ་གཏོགས། སུས་ཀྱང་མི་ཤེས། ནམ་མཁའི་ཕོ་ཉས་ཀྱང་མི་ཤེས། སྲས་ཀྱིས་ཀྱང་མི་ཤེས་སོ། ༣༣ དུས་ཚོད་དེ་ནམ་འོང་བ་ཁྱོད་ཅག་གིས་མི་ཤེས་པས། གཅང་གྲུང་བྱོས། གཉིད་མ་ལོག་ཅིག ༣༤ འདི་ནི་མི་ཞིག་ཁྱིམ་བཞག་ནས་འགྲོ་བའི་དུས་སུ། གཡོག་པོ་ལ་དབང་བཏད་དེ། རེ་རེ་ལ་ལས་བཀལ་ནས། སྒོ་སྲུང་པ་ལ་བྱ་ར་བྱོས་ཅེས་བསྒོ་བ་དང་འདྲ་བས། ༣༥ ཁྱིམ་བདག་ཕྱི་དྲོའམ། མཚན་ཕྱེད་དམ། བྱ་སྐད་ལའམ། སྔ་དྲོ་ནམ་འོང་མི་ཤེས་པས། བྱ་ར་བྱོས་ཤིག ༣༦ དེ་མིན་ཁོ་གློ་བུར་དུ་འོང་ཞིང་། ཁྱོད་ཚོ་གཉིད་ལོག་པ་མཐོང་འོང་། ༣༧ བྱ་ར་བྱོས་ཤིག་ཅེས་ངས་ཁྱོད་ཚོར་ཟེར་བ་དེ། ཐམས་ཅད་ལ་ཟེར་རོ། ཞེས་གསུངས་སོ༎