༡༢
དཔེའི་སྒོ་ནས་གསུང་ཞིང་། མི་ཞིག་གིས་རྒུན་ཚལ་བཙུགས་ཏེ། ར་བས་བསྐོར། འཚིར་གཞོང་བྲུས། སྤེའུ་བརྩིགས། ཚལ་མཁན་ལ་བཏད་ནས་ཡུལ་གཞན་དུ་སོང་ངོ་། ༢ དུས་རན་ནས། འབྲས་བུའི་སྐལ་བ་ལེན་པའི་ཕྱིར་གཡོག་པོ་ཞིག་རྒུན་ཚལ་མཁན་གྱི་རྩར་བཏང་བ་དང་། ༣ དེ་རྣམས་ཀྱིས་ཁོ་བཟུང་ནས་བརྡུངས་ཏེ། སྟོང་པར་བཏང་ངོ་། ༤ གཡོག་པོ་གཞན་ཞིག་བཏང་ནས། དེ་རྣམས་ཀྱིས་ཁོའི་མགོ་ལ་རྡུང་ཞིང་དམའ་འབེབས་བྱས་སོ། ༥ སླར་གཅིག་བཏང་ནས་བསད་དོ། ཡང་གཞན་མང་པོའི་ནང་ནས། ཁ་ཅིག་ལ་བརྡུངས། ཁ་ཅིག་ནི་བསད་དོ། ༦ ད་ཁོ་ལ་གཅིག་ལས་མེད་དེ། དེ་ནི་བུ་གཅིག་པུ་སྟེ། ངའི་བུ་ལ་བཀུར་སྟི་བྱེད་འོང་ཟེར་ནས། མཐར་དེའང་དེ་རྣམས་ཀྱི་རྩར་བཏང་ངོ་། ༧ རྒུན་ཚལ་མཁན་རྣམས་ཀྱིས་ཕན་ཚུན་གཏམ་བྱེད་ཅིང་། འདི་ནི་བརྒྱུད་འཛིན་ཡིན་ཏེ། ཤོག་ཅིག བསད་ན་ནོར་སྐལ་ང་ཚོར་ཐོབ་འོང་ཟེར་ནས། ༨ བཟུང་ནས་བསད་དེ། རྒུན་ཚལ་གྱི་ཕྱི་རོལ་དུ་དབྱུག་གོ། ༩ ད་རྒུན་ཚལ་གྱི་བདག་པོས་ཅི་བྱ། ཁོ་འོང་ནས་རྒུན་ཚལ་མཁན་རྣམས་བསད་ནས། རྒུན་ཚལ་གཞན་ལ་གཏང་འོང་།༡༠ རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ༎
དེ་ཀ་ཟུར་རྡོ་ཆེན་པོར་གྱུར༎
༡༡ འདི་ནི་གཙོ་བོའི་མཛད་པ་ཡིན༎
ང་ཚོའི་མིག་ལ་ངོ་མཚར་ཆེ༎
ཞེས་པའི་གསུང་མ་བཀླགས་སམ་གསུངས་སོ། ༡༢ དཔེ་དེ་ནི་དེ་རྣམས་ལ་ཕོག་ཏུ་གསུངས་པ་ཤེས་ནས། ཁོང་འཛིན་པར་བརྩམས་ཀྱང་། མི་ཚོགས་ལ་འཇིགས་ནས་བཞག་ནས་སོང་ངོ་༎
༡༣ ཁོང་གཏམ་ནང་འཛིན་པའི་ཕྱིར། ཕ་རུ་ཤི་པ་དང་། ཧེ་རོ་དཱེའི་ཕྱོགས་གཏོགས་རེ་ཁོང་གི་དྲུང་དུ་བཏང་བ་དང་། ༡༤ མཇལ་ནས། སྟོན་པ་ལགས། ཁྱེད་ནི་དྲང་པོ་ཡིན་ཅིང་མིའི་ངོ་མི་སྲུང་བ་དང་། ཕྱོགས་རིས་མེད་པར། དཀོན་མཆོག་གི་ལམ་དྲང་པོར་སྟོན་པ་ང་ཚོས་ཤེས་སོ། རྒྱལ་པོ་ཆེན་པོ་ལ་ཁྲལ་འཇལ་བར་རུང་ངམ་མི་རུང་། ༡༥ ང་ཚོས་གཏང་ངམ་མི་གཏང་། ཞུས་པ་དང་། ཁོང་གིས་དེ་རྣམས་ཀྱི་གཡོ་སྒྱུ་མཁྱེན་ནས། ཁྱེད་ཀྱིས་ཅི་ལ་ངའི་ཚོད་ལེན། བལྟ་ཕྱིར་དི་ནཱར་ཞིག་ཁྱེར་ཤོག་གསུངས་ནས། ༡༦ ཕུལ་པས། ཁོང་གིས། གཟུགས་དང་ཡི་གེ་འདི་སུའི་ཡིན་གསུངས་ནས། རྒྱལ་པོ་ཆེན་པོའི་ཡིན་ཞུས་སོ། ༡༧ ཡེ་ཤུས། རྒྱལ་པོའི་ཡིན་པ་དེ་རྒྱལ་པོར་ཕུལ། དཀོན་མཆོག་གི་ཡིན་པ་དེ་དཀོན་མཆོག་ལ་ཕུལ་གསུངས་པས། དེ་རྣམས་ངོ་མཚར་ཆེ་བར་གྱུར་ཏོ༎
༡༨ གཤིན་པོ་རྣམས་གསོན་པོར་མི་ལང་ཟེར་བའི་སད་དུ་ཀི་པའམ་དབུ་ཆོས་པ་རེ་སྐུ་དྲུང་དུ་འོངས་ནས། ༡༩ སྟོན་པ་ལགས། མི་ཞིག་གི་སྤུན་ཕྲུ་གུ་མེད་པར་ཤི་སྟེ། ཆུང་མ་ལུས་ན། མི་དེས་རང་གི་སྤུན་དེའི་ཕྱིར་བརྒྱུད་སྐྱེད་པའི་དོན་དུ་མོ་ཆུང་མར་བླང་དགོས་ཞེས་མོ་ཤེས་ང་ཚོའི་ཕྱིར་བྲིས་སོ། ༢༠ སྤུན་བདུན་ཡོད་དེ། དང་པོ་ཆུང་མ་བླངས་ནས་བུ་མེད་པར་ཤི། ༢༡ གཉིས་པས་དེ་ཆུང་མར་བླངས་ཏེ་བུ་མེད་པར་ཁོའང་ཤི། གསུམ་པ་ལའང་དེ་བཞིན་དུ་སོང་ནས། ༢༢ བདུན་པོས་དེ་བླངས་ནས་བུ་མ་འབྱོར། མཐར་བུད་མེད་དེའང་ཤིའོ། ༢༣ དེ་ནི་བདུན་པོའི་ཆུང་མར་གྱུར་པས། གཤིན་པོ་རྣམས་ལང་བའི་ཚེ། མོ་སུའི་ཆུང་མར་འགྱུར་འོང་ཞུས་སོ། ༢༤ ཡེ་ཤུས། ཁྱེད་ཚོས་གསུང་རབ་དང་དཀོན་མཆོག་གི་མཐུ་སྟོབས་མི་ཤེས་པའི་རྐྱེན་གྱིས་ལམ་མ་ནོར་རམ། ༢༥ ཤིན་པོ་རྣམས་ལང་བའི་དུས་སུ། བག་མ་མི་བླང་བག་མར་མི་འགྲོ་སྟེ་ནམ་མཁའི་ཕོ་ཉ་དང་འདྲའོ། ༢༦ གཤིན་པོ་ལང་བའི་སྐོར་ལ། མོ་ཤེའི་མདོ་ནང་ཚེར་མའི་ཕྲོས་ཡོད་སར། དཀོན་མཆོག་གིས་ཁོང་ལ། ང་ནི་ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན་གསུངས་པ་མ་བཀླགས་སམ། ༢༧ གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན་ཏེ། གསོན་པོ་རྣམས་ཀྱི་དཀོན་མཆོག་ལགས་པས། ཁྱེད་ཤིན་ཏུ་ལམ་ནོར་རོ་གསུངས་སོ༎
༢༨ མཁན་པོ་ཞིག་འོངས་ནས་དེ་ཚོ་རྩོད་པར་ཐོས་ཤིང་། ཁོང་གིས་བཀའ་ལན་ལེགས་པར་གནང་བ་མཐོང་བས། ཁོང་ལ། བཀའ་རྒྱའི་ནང་ནས་ཆེ་ཤོས་དེ་གང་ཡིན་ཞུས་སོ། ༢༩ ཡེ་ཤུས་བཀའ་ལན་དུ། ཀྱེ་ཨིས་ར་ཨེལ་ཉོན་ཞིག ང་ཚོའི་གཙོ་བོ་དཀོན་མཆོག་ནི། གཙོ་བོ་གཅིག་ལགས་ཏེ། ༣༠ རང་གི་གཙོ་བོ་དཀོན་མཆོག་ལ་སྙིང་ཧྲིལ་པོ་དང་། སེམས་ཧྲིལ་པོ་དང་། ཡིད་ཧྲིལ་པོ་དང་། ཤེད་ཧྲིལ་པོས་གཅེས་པར་ཟུངས་ཤིག ཅེས་པའི་བཀའ་རྒྱ་ཆེ་ཤོས་ཡིན། ༣༡ གཉིས་པ་འདི་ཡིན། ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་པར་ཟུངས་ཤིག འདི་གཉིས་ལས་ཆེ་བའི་བཀའ་རྒྱ་གཞན་མེད་གསུངས་སོ། ༣༢ མཁན་པོས་སྟོན་པ་ལགས། དེ་ལེགས་སོ། དཀོན་མཆོག་གཅིག་གོ། ཁོང་མིན་པར་གཞན་མེད་ཅེས་ཁྱེད་ཀྱིས་བདེན་པར་གསུངས་སོ། ༣༣ ཁོང་ལ་སྙིང་ཧྲིལ་པོ་དང་། བློ་གྲོས་ཧྲིལ་པོ་དང་། ཤེད་ཧྲིལ་པོས་གཅེས་པ་དང་། ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་པ་ནི། སྦྱིན་སྲེག་དང་། དམར་མཆོད་ཐམས་ཅད་ལས་དྲག་ཤོས་ཡིན་ཞུས་སོ། ༣༤ དེས་མཁས་པའི་ལུགས་སུ་ལན་བཏབ་པར་གཟིགས་ནས། ཡེ་ཤུས། ཁྱེད་དཀོན་མཆོག་གི་རྒྱལ་སྲིད་དང་ཐག་རིང་མི་འདུག་གསུངས་སོ། ཕྱིན་ཆད་སུས་ཀྱང་ཁོང་ལ་བཀའ་འདྲི་ཞུ་མ་སྤོབས་སོ༎
༣༥ མཆོད་ཁང་དུ་ཆོས་སྟོན་ཞིང་ཡེ་ཤུས། མཁན་པོ་རྣམས་ཀྱིས་མཱ་ཤི་ཀ་ནི་དཱ་བིད་ཀྱི་སྲས་ཡིན་ཅི་ལྟར་ཟེར། ༣༦ དཱ་བིད་རང་གིས་དམ་པའི་ཐུགས་ཉིད་ཀྱི་ངང་ན།
གཙོ་བོས་ནི་ངའི་གཙོ་བོ༌ལ༎
ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས༎
ཁྱེད་ཀྱི་ཞབས་འོག་བཞག་པའི་བར༎
ང་ཡི་གཡས་སུ་བཞུགས་ཤིག་གསུང་༎
སྨྲ་ཞིང་། ༣༧ དཱ་བིད་རང་གིས་ཁོང་ལ་གཙོ་བོ་ཞུ་བས། དེའི་སྲས་ཅི་ལྟར་ཡིན་གསུངས་སོ། མི་ཚོགས་ཀྱིས་སེམས་དགའ་ཞིང་ཁོང་གི་གསུང་ལ་ཉན་ཏོ༎
༣༨ ཆོས་སྟོན་ཞིང་འདི་སྐད་དུ། མཁན་པོ་ལས་ཟོན་བྱོས་ཤིག དེ་རྣམས་གོས་རིང་མོ་གོན་ཏེ་འགྲུལ་བ་དང་། ཁྲོམ་ནང་ཕྱག་དང་། ༣༩ འདུ་ཁང་ནང་ཁྲི་མཐོ་བ་དང་། མགྲོན་ལ་གྲལ་འགོར་སྡོད་པར་དགའ་ཞིང་། ༤༠ མོ་རེང་མའི་ཁང་པའང་ཟ་ཞིང་། མི་ལ་སྟོན་ཕྱིར་སྨོན་ལམ་རིང་མོ་འདེབས་པས། ལྷག་པར་ཆད་པ་འཕོག་འོང་གསུངས་སོ༎
༤༡ དཀོར་མཛོད་ཀྱི་ཐད་ཀར་བཞུགས་ཏེ། མི་ཚོགས་ཀྱིས་དཀོར་མཛོད་ནང་དངུལ་ཇི་ལྟར་འབུལ་བ་ལ་གཟིགས་སོ། ཕྱུག་པོ་མང་པོས་མང་པོ་ཕུལ་ཞིང་། ༤༢ མོ་རེང་མ་དབུལ་མོ་ཞིག་འོངས་ནས། དོང་ཙེ་ཆུང་བ་གཉིས་ཕུལ་ཏོ། ༤༣ ཁོང་གིས་ཉེ་གནས་རྣམས་བོས་ནས། དཀོར་མཛོད་ནང་དངུལ་ཕུལ་མཁན་ཀུན་ལས་མོ་རེང་མ་དབུལ་མོ་འདིས་མང་བར་ཕུལ་ཏོ་ངས་བདེན་པར་ཟེར། ༤༤ ཐམས་ཅད་ཀྱིས་ནོར་མང་པོ་ཡོད་པའི་ནང་ནས་ཕུལ། མོས་དཀོན་པའི་ནང་ནས་ཚེ་ཕྱིད་ཕྱིར་ཇི་ཡོད་པ་ཐམས་ཅད་ཕུལ་ཏོ་གསུངས་སོ༎