༡༡
ཡེ་རུ་ཤ་ལེམ་དང་ཉེ་བར་ཁ་སྐྱུར་པོའི་རིའི་ངོས་ལ་ཡོད་པའི་བེད་ཕ་གེ་དང་བེད་ཨན་ཡཱར་ཕེབས་ནས། ཡེ་ཤུས་ཉེ་གནས་གཉིས་གཏོང་བར་མཛད་ཅིང་།  ཐད་ཀར་ཡོད་པའི་ཡུལ་ཚོ་ལ་སོང་། དེར་བསླེབ་ནས། ད་ཐུག་སུས་ཀྱང་མ་ཞོན་པའི་བོང་གསར་བཏགས་པ་ཞིག་མཐོང་འོང་། དེ་བཀྲོལ་ནས་ཁྲིད་ཤོག  སུ་ཞིག་གིས་འདི་ཅི་བྱེད་འདྲི་ན། གཙོ་བོ་ལ་དགོས་པས། མྱུར་དུ་ལོག་གཏང་འོང་ཟེར་ཞིག་གསུངས་སོ།  དེ་གཉིས་སོང་སྟེ། སྒོ་རྩར་ལམ་སྲང་ནང་བོང་གསར་བཏགས་པ་ཞིག་མཐོང་ནས་བཀྲོལ་བ་དང་།  དེར་ཡོད་པ་འགས་བོང་གསར་བཀྲོལ་ཞིང་ཅི་བྱེད་ཟེར་བ་ལས།  དེ་དག་གིས་ཡེ་ཤུས་བཀའ་སྩལ་པ་བཞིན་དུ་ཟེར་བས་འགྲོ་རུ་བཅུག་གོ།  བོང་གསར་ཡེ་ཤུའི་སྐུ་དྲུང་དུ་འཁྲིད་དེ། གོས་རྣམས་བཀབ་ནས། ཁོང་དེར་བཅིབས་སོ།  མི་མང་པོས་ཕེབས་ལམ་ལ་རང་གི་གོས་བཏིང་སྟེ། ལ་ལས་ཤིང་གི་ཡལ་ག་བཅད་ནས་བཀྲམ་མོ།  སྐུའི་རྒྱབ་མདུན་ནས་འབྲང་མཁན་རྣམས་ཀྱིས། ཧོ་ཤི་ཨ་ནཱ་༼བོད་སྐད་དུ་སྐྱབ་ཏུ་གསོལ།༽ གཙོ་བོའི་ཕྱོགས་ནས་འབྱོན་པ་བཀྲ་ཤིས། ༡༠ ང་ཚོའི་ཡབ་དཱ་བིད་ཀྱི་རྒྱལ་སྲིད་འོང་བ་བཀྲ་ཤིས། སྟེང་གི་གནམ་ལ་ཧོ་ཤི་ཨ་ནཱ། ཞེས་འབོད་བསྒྲགས་སོ། ༡༡ ཡེ་རུ་ཤ་ལེམ་ནང་ཕེབས་ཏེ། མཆོད་ཁང་དུ་བྱོན་ནས་ཕྱོགས་ཀུན་དུ་གཟིགས་ཏེ། ཕྱི་མོར་སོང་བ་དང་བཅུ་གཉིས་པོ་དང་བཅས་བེད་ཨན་ཡཱ་ལ་ཕེབས་སོ༎
༡༢ དེའི་སང་ཉིན་བེད་ཨན་ཡཱ་ནས་བཞེངས་ཏེ། ཁོང་བཀྲེས་ནས། ༡༣ ཐག་རིང་ནས་ལོ་མ་ཡོད་པའི་སེ་ཡབ་ཤིང་ཞིག་གཟིགས་ནས། དེ་ལས་ཇི་ཞིག་ཐོབ་བམ་དགོངས་ནས་དེར་བྱོན་ཀྱང་། སེ་ཡབ་ཡོད་པའི་དུས་མིན་པས་ལོ་མ་མ་གཏོགས་ཅིའང་མ་ཐོབ། ༡༤ ཁོང་གིས་ཤིང་ལ། ཕྱིན་ཆད་སུས་ཀྱང་ཁྱོད་ལས་ཤིང་ཏོག་ནམ་ཡང་མི་ཟ་བར་ཤོག ཅེས་གསུངས་པ་ཉེ་གནས་རྣམས་ཀྱིས་ཐོས་སོ༎
༡༥ ཡེ་རུ་ཤ་ལེམ་ནང་ཕེབས་ཏེ། མཆོད་ཁང་དུ་གཤེགས་ནས། དེར་ཉོ་ཚོང་བྱེད་མཁན་རྣམས་ཕྱི་རོལ་དུ་འདོན་ཞིང་། དངུལ་རྗེ་མཁན་གྱི་ལྕོག་ཙེ་དང་། ཕུག་རོན་འཚོང་མཁན་གྱི་སྟེགས་རྣམས་སློག་ནས། ༡༦ སུ་ལའང་མཆོད་ཁང་རྒྱུད་དེ་ཡོ་བྱད་འཁྱེར་དུ་མ་གནང་ངོ་། ༡༧ ཆོས་སྟོན་ཞིང་དེ་རྣམས་ལ། ངའི་ཁང་པ་ལ་མི་བརྒྱུད་ཐམས་ཅད་ཀྱི་ཕྱིར་དུ་སྨོན་ལམ་ཁང་ཟེར་བར་འགྱུར་ཞེས་བྲིས་མི་འདུག་གམ། འོན་ཀྱང་ཁྱོད་ཚོས་ཇག་པའི་ཚང་དུ་བྱས་གསུངས་སོ། ༡༨ མི་ཚོགས་ཐམས་ཅད་ཁོང་གི་བསྟན་པ་ལ་ངོ་མཚར་དུ་གྱུར་པས། བླ་ཆེན་དང་མཁན་པོ་རྣམས་ཀྱིས་དེ་ཐོས་ནས། ཁོང་ལ་འཇིགས་ཏེ། ཁོང་མེད་པར་བྱེད་པའི་ཐབས་བཙལ་ཏོ། ༡༩ ཕྱི་དྲོར་རྒྱལ་སའི་ཕྱི་རོལ་དུ་ཕེབས་སོ༎
༢༠ སྔ་དྲོ་ལམ་ཐོག་ཏུ། སེ་ཡབ་ཤིང་དེ་རྩ་བ་ནས་བསྐམས་པ་མཐོང་ནས། ༢༡ པེ་ཏྲོས་དྲན་ནས། སྟོན་པ་ལགས། གཟིགས་ཤིག ཁྱེད་ཀྱིས་དམོད་པ་གནང་བའི་སེ་ཡབ་ཤིང་དེ་བསྐམས་སོ་ཞུས་པ་དང་། ༢༢ བཀའ་ལན་དུ། དཀོན་མཆོག་ལ་དད་པ་བྱོས་ཤིག ༢༣ སུ་ཞིག་གིས་རི་འདི་ལ། ལོངས་ལ་རྒྱ་མཚོར་ལྕེབ་ཤིག་ཟེར་ཞིང་སྨྲས་པ་བཞིན་འགྲུབ་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་ན་འགྲུབ་འོང་ངས་ཟེར། ༢༤ སྨོན་ལམ་ནང་ཅིའི་ཕྱིར་ཞུ་ནའང་། ཐོབ་ཟིན་པ་ལ་དད་པ་བྱོས་ཤིག འཐོབ་པར་འགྱུར་ངས་ཟེར་རོ། ༢༥ ཁྱོད་ཀྱི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱོད་ཀྱི་ཉེས་པ་སེལ་བའི་ཕྱིར། ལངས་ནས་སྨོན་ལམ་འདེབས་པའི་ཚེ། སུ་དང་འཁོན་ཡོད་ན་སེལ་ཞིག ༢༦ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽
༢༧ སླར་ཡེ་རུ་ཤ་ལེམ་དུ་ཕེབས་ནས། མཆོད་ཁང་ནང་ཞབས་འཆག་མཛད་པ་ལས། བླ་ཆེན་དང་། མཁན་པོ་དང་། རྒན་པོ་རེ་སྐུ་དྲུང་དུ་འོངས་ནས་ཁོང་ལ། ༢༨ འདི་རྣམས་དབང་གང་གིས་མཛད། འདི་རྣམས་མཛད་པའི་དབང་སུས་ཁྱེད་ལ་ཕུལ་ཞུས་པ་དང་། ༢༩ ཡེ་ཤུས། ངས་ཁྱེད་ཚོར་དྲི་བ་ཞིག་འདྲི། ལན་གཏོང་ན་ངས་འདི་རྣམས་དབང་གང་གིས་བྱེད་པ་འཆད་འོང་། ༣༠ ཡོ་ཧ་ནན་གྱི་ཁྲུས་གསོལ་དེ་ནམ་མཁའ་ནས་བྱུང་ངམ་མི་ནས་བྱུང་ལན་ཐོང་ཞིག་གསུངས་པ་དང་། ༣༡ དེ་རྣམས་ཀྱིས་ཕན་ཚུན་གླེང་ཞིང་། ནམ་མཁའ་ནས་བྱུང་ཟེར་ན། ཁོང་གིས་ཁྱེད་ཚོས་ཁོང་ལ་ཅིའི་ཕྱིར་ཡིད་མ་ཆེས་གསུང་འོང་། ༣༢ མི་ནས་བྱུང་ཟེར་ན། མི་ཐམས་ཅད་ཀྱིས་ཡོ་ཧ་ནན་བདེན་པར་ལུང་སྟོན་པར་བརྩིས་པའི་རྐྱེན་གྱིས་མི་རྣམས་ལ་འཇིགས་པས་ཞུ་ལན་དུ། ༣༣ ང་ཚོས་མི་ཤེས་སོ་ཞུས་པ་དང་། ཡེ་ཤུས། ངས་ཀྱང་དབང་གང་གིས་འདི་རྣམས་བྱེད་པ་མི་བཤད་གསུངས་སོ༎