༡༠
དེ་ནས་བཞེངས་ཏེ། ཡ་ཧུ་དཱའི་མཐའ་འཁོར་དང་། ཡོར་དན་གྱི་ཕ་རོལ་གྱི་ཡུལ་དུ་ཕེབས་པ་དང་། སླར་མི་ཚོགས་སྐུ་དྲུང་དུ་འཛོམས་པས། དུས་རྒྱུན་བཞིན་དུ་སླར་དེ་རྣམས་ལ་ཆོས་བསྟན་ཏོ། ༢ ཕ་རུ་ཤི་པ་རེ་འོངས་ཏེ། ཚོད་ལྟ་བའི་ཕྱིར། སྐྱེད་པས་ཆུང་མ་འཕྲལ་ཆོག་གམ། ཞེས་བཀའ་འདྲི་ཞུས་པ་དང་། ༣ བཀའ་ལན་དུ། མོ་ཤེས་ཁྱོད་ལ་བཀའ་ཅི་གནང་གསུངས་པས། ༤ དེ་དག་གིས། མོ་ཤེས་ནི་འབྲལ་ཡིག་བྲིས་ནས་འབྲལ་བའི་དགོངས་པ་གནང་ངོ་ཞུས་སོ། ༥ ཁྱེད་ཀྱི་སྙིང་གྱོང་བས་བཀའ་ཁྲིམས་འདི་བྲིས་ཀྱི། ༦ འཇིག་རྟེན་བཀོད་པ་ནས། དཀོན་མཆོག་གིས་མི་ཕོ་མོར་མཛད་པ་ཡིན། ༧ དེའི་ཕྱིར་སྐྱེས་པས་ཕ་མ་བཞག་ནས། ཆུང་མ་མཉམ་འགྲོགས་ཤིང་། ༨ དེ་གཉིས་གཅིག་ཏུ་འགྱུར་འོང་། དེས་ན་དེ་དག་གཉིས་མིན་ཏེ། གཅིག་ཡིན་ནོ། ༩ དཀོན་མཆོག་གིས་སྦྲེལ་བ་དེ་མིས་མ་འཕྲལ་ཞིག་གསུངས་སོ། ༡༠ ཁྱིམ་དུ་ཉེ་གནས་རྣམས་ཀྱིས་དེའི་སྐོར་སླར་ཡང་བཀའ་འདྲི་ཞུས་པ་དང་། ༡༡ ཆུང་མ་འཕྲལ་ཏེ་གཞན་ཞིག་བླང་བ་དེས་ལོག་གཡེམ་བྱེད་དོ། ༡༢ ཆུང་མས་ཁྱོ་བོ་འཕྲལ་ནས་གཞན་ཞིག་བླང་ན་ལོག་གཡེམ་བྱེད་དོ་གསུངས་སོ༎༡༣ མི་རྣམས་ཀྱིས་བྱིས་པ་རེ་ཁོང་གི་སྐུ་དྲུང་དུ་ཕྱག་རེག་ཕྱིར་སྐྱེལ་བ་དང་། ཉེ་གནས་ཀྱིས་བཀག་པ་ལས། ༡༤ ཡེ་ཤུས་གཟིག་ནས་ཐུགས་ཁྲོས་ཏེ། དེ་རྣམས་ལ། དཀོན་མཆོག་གི་རྒྱལ་སྲིད་ནི་འདི་འདྲ་བ་རྣམས་ཀྱི་ཡིན་པས། བྱིས་པ་མ་དགག་པར་ངའི་དྲུང་དུ་འོང་དུ་ཆུག་ཅིག ༡༥ དཀོན་མཆོག་གི་རྒྱལ་སྲིད་བྱིས་པས་བླང་བ་ལྟར་མི་བླང་བ་དེ་ནི་དེའི་ནང་དུ་མི་ཆུད་ཅེས་ངས་བདེན་པར་ཟེར་གསུངས་ནས། ༡༦ བྱིས་པ་སྐུ་པང་ལ་བསྣམས་ནས། ཕྱག་བཞག་ཅིང་བྱིན་གྱིས་བརླབས་སོ༎
༡༧ དེ་ནས་ལམ་ཐོག་ཕེབས་པའི་ཚེ། མི་ཞིག་སྐུ་དྲུང་དུ་རྒྱུགས་འོངས་ཏེ། པུས་མོ་བཙུགས་ནས། སྟོན་པ་བཟང་པོ་ལགས། ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་ངས་ཅི་བྱ། ཞེས་ཞུས་པ་དང་། ༡༨ ཡེ་ཤུས། ཅིའི་ཕྱིར་ང་ལ་བཟང་པོ་ཟེར། དཀོན་མཆོག་གཅིག་མ་གཏོགས་པར་བཟང་པོ་སུའང་མེད། ༡༩ མི་མ་གསོད། ལོག་གཡེམ་མ་བྱེད། མ་རྐུ། རྫུན་གྱི་དཔང་པོ་མ་བྱེད། མགོ་མ་སྐོར། ཕ་དང་མ་ལ་བཀུར་སྟི་བྱོས་ཤིག བཀའ་དེ་རྣམས་ཁྱོད་ཀྱིས་ཤེས་སོ་གསུངས་པ་དང་། ༢༠ སྟོན་པ་ལགས། དེ་ཐམས་ཅད་ངས་ཆུང་དུས་ནས་བསྲུངས་པ་ཡིན་ཞུས་སོ། ༢༡ ཡེ་ཤུས་དེ་ལ་གཟིགས་ཤིང་ཐུགས་བརྩེར་དགོངས་ནས་དེ་ལ། ཁྱོད་ནང་གཅིག་མ་ཚང་བས། སོང་ལ། ཇི་ཡོད་ཐམས་ཅད་བཙོང་སྟེ། དབུལ་པོ་ལ་ཐོང་ཞིག་དང་། ནམ་མཁའ་རུ་ཁྱོད་ལ་གཏེར་ཐོབ་འོང་། ཡང་འོངས་ཏེ་ངའི་རྗེས་སུ་འབྲོང་ཞིག་གསུངས་སོ། ༢༢ ཁོ་ལ་ནོར་མང་པོ་ཡོད་པས། གསུང་དེ་ཐོས་ནས་ངོ་ནག་པར་གྱུར་ཏེ་འཚེར་གྱིན་སོང་ངོ་༎
༢༣ ཡེ་ཤུས་འཁོར་ལ་གཟིགས་ཤིང་། ཉེ་གནས་རྣམས་ལ། ཕྱུག་པོ་དཀོན་མཆོག་གི་རྒྱལ་སྲིད་ནང་ཆུད་པ་ཤིན་ཏུ་དཀའོ། ༢༤ གསུངས་པ་ལས་ཉེ་གནས་རྣམས་ངོ་མཚར་དུ་གྱུར་ཏོ། སླར་ཡེ་ཤུས། བུ་རྣམས། དཀོན་མཆོག་གི་རྒྱལ་སྲིད་ནང་ཆུད་པ་ནི་ཤིན་ཏུ་དཀའ་འོ། ༢༥ ཕྱུག་པོ་དཀོན་མཆོག་གི་རྒྱལ་སྲིད་ནང་ཆུད་པ་བས། རྔ་མོང་ཁབ་མིག་ནང་ཆུད་པ་སླའོ་གསུངས་པས། ༢༦ དེ་རྣམས་ངོ་མཚར་ཆེ་བར་གྱུར་ཏེ། འོ་ན་སུ་ཐར་ཐུབ་ཞུས་པ་དང་། ༢༧ དེ་རྣམས་ལ་གཟིགས་ཏེ། མི་ལ་མི་ཐུབ་ཀྱང་། དཀོན་མཆོག་ལ་ཐུབ་བོ། དཀོན་མཆོག་ལ་ཐམས་ཅད་ཐུབ་བོ། ཞེས་གསུངས་སོ། ༢༨ པེ་ཏྲོས་ཁོང་ལ། གཟིགས་ཤིག ང་ཚོས་ཐམས་ཅད་སྤངས་ཏེ། ཁྱེད་ཀྱི་ཞབས་རྗེས་སུ་འབྲངས་པ་ཡིན་ཞུས་པ་དང་། ༢༩ ཡེ་ཤུས། ང་དང་ཕྲིན་བཟང་གི་དོན་ལ་ཁང་པའམ། ཕུ་ནུའམ། སྲིང་མོའམ། ཕ་མའམ། ཆུང་མའམ། ཕྲུ་གུའམ། ཞིང་སྤང་མཁན་ལ། ༣༠ ད་ལྟ་ཚེ་འདི་ནང་གནོད་འཚེ་མཉམ་ཁང་པ་དང་། ཕུ་ནུ་དང་། སྲིང་མོ་དང་། མ་དང་། ཕྲུ་གུ་དང་། ཞིང་སོགས་བརྒྱ་འགྱུར་དང་། མ་འོངས་པའི་དུས་སུ་ཚེ་མཐའ་མེད་པ་མི་ཐོབ་པ་མེད་ངས་བདེན་པར་ཟེར། ༣༡ དང་པོ་ཡིན་པ་མང་པོ་མཐའ་མར་དང་། མཐའ་མ་ཡིན་པ་དང་པོར་འགྱུར་འོང་གསུངས་སོ༎
༣༢ ཡེ་རུ་ཤ་ལེམ་དུ་ཕེབས་པའི་ལམ་ཁར། ཡེ་ཤུ་དེ་ཚོའི་སྔོན་ལ་བྱོན་པ་ལས། དེ་དག་ངོ་མཚར་དུ་གྱུར་ཏེ་རྗེས་སུ་འབྲང་བ་རྣམས་འཇིགས་སྐྲག་གོ། སླར་ཉེ་གནས་བཅུ་གཉིས་པོ་སོ་སོར་ཁྲིད་དེ། ཉིད་ལ་འབྱུང་རྒྱུ་རྣམས་བཤད་ཅིང་། ༣༣ ལྟོས་ཤིག ང་ཚོ་ཡེ་རུ་ཤ་ལེམ་དུ་འགྲོ་སྟེ། མིའི་བུ་བླ་ཆེན་དང་མཁན་པོ་རྣམས་ལ་བཏད་ནས། དེ་རྣམས་ཀྱིས་ཁོང་གསད་པའི་ཁྲིམས་བཅད་དེ། ཕྱི་པའི་ལག་ཏུ་གཏད་འོང་། ༣༤ དེ་རྣམས་ཀྱིས་ཁོང་ལ་འཕྱ་བ་དང་། མཆིལ་མ་རྒྱབ་སྟེ། རྟ་ལྕག་གིས་བརྡུང་ཞིང་། འགྲོང་འོང་། ཞག་གསུམ་སོང་བ་དང་ཁོང་སྐུ་གསོན་པོར་བཞེང་བར་འགྱུར་རོ་གསུངས་སོ༎
༣༥ ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་སྐུ་དྲུང་དུ་འོངས་ནས། སྟོན་པ་ལགས། ང་ཚོས་གང་ཞུ་བ་དེ་ང་ཚོའི་དོན་ལ་མཛད་དུ་གསོལ་ཞུས་པ་དང་། ༣༦ ཁྱེད་ཀྱི་དོན་ལ་ངས་ཅི་བྱ་བར་འདོད་གསུངས་པས། ༣༧ དེ་དག་གིས། ཁྱེད་ཀྱི་གཟི་བརྗིད་ནང་ང་ཚོ་གཅིག་ཁྱེད་ཀྱི་ཕྱག་གཡས་དང་། གཅིག་ཕྱག་གཡོན་དུ་སྡོད་དུ་གནོང་ཞུས་སོ། ༣༨ ཡེ་ཤུས། ཇི་ཞུས་པ་ཁྱེད་ཀྱིས་མི་ཤེས་སོ། ངས་འཐུང་བའི་ཕོར་པ་དེ་འཐུང་བར་ནུས་སམ། ང་ལ་གསོལ་བའི་ཁྲུས་ཏེ་ལེན་པར་ནུས་སམ་གསུངས་པ་དང་། ༣༩ དེ་དག་གིས་ནུས་སོ་ཞུས་ནས། ཡེ་ཤུས། ངས་འཐུང་བའི་ཕོར་པ་དེ་ཁྱེད་ཀྱིས་འཐུང་འོང་། ང་ལ་གསོལ་བའི་ཁྲུས་དེ་ཁྱེད་ཀྱིས་ལེན་འོང་ཡང་། ༤༠ ངའི་གཡས་གཡོན་དུ་སྡོད་པར་གནང་བའི་དབང་ང་ལ་མེད། གང་གི་ཕྱིར་གཤམས་པ་དེ་རྣམས་ཀྱི་ཕྱིར་ཡིན་གསུངས་སོ། ༤༡ གཞན་བཅུ་པོས་ཐོས་ནས་ཡ་ཀོབ་དང་ཡོ་ཧ་ནན་ལ་ཁྲོས་པ་ལས། ༤༢ ཡེ་ཤུས་དེ་རྣམས་བོས་ནས། མིའི་དཔོན་པོ་ཡིན་སེམས་པ་རྣམས་ཀྱིས་དེ་ཚོར་སྲིད་བྱེད་པ་དང་། མི་ཆེན་རྣམས་ཀྱིས་དེ་ཚོར་དབང་སྟོན་པ་ཁྱོད་ཅག་གིས་ཤེས་སོ། ༤༣ ཁྱེད་ཀྱི་ཁྲོད་དུ་དེ་ལྟར་མིན། ཆེན་པོར་འགྱུར་འདོད་པ་དེ་ཁྱེད་ཚོའི་ཞབས་ཕྱིར་འགྱུར་དགོས། ༤༤ དང་པོར་འགྱུར་འདོད་པ་དེ་ཐམས་ཅད་ཀྱི་གཡོག་པོར་འགྱུར་དགོས། ༤༥ དེ་ལྟར་མིའི་བུ་འཇིག་རྟེན་དུ་ཞབས་ཏོག་ལེན་ཕྱིར་མ་ཕེབས་ཀྱིས། ཞབས་ཏོག་ཞུ་ཞིང་མང་པོའི་སྲོག་ཚབ་ལ་སྐུ་སྲོག་གནང་བའི་ཕྱིར་ཕེབས་ཞེས་གསུངས་སོ༎
༤༦ ཡེ་རི་ཀོ་ལ་ཕེབས་ཏེ། ཉེ་གནས་དང་མི་ཚོགས་དང་བཅས་དེ་ནས་ཐོན་པ་དང་། ཏི་མཱའི་བུ་བར་ཏི་མཱ་བྱ་བ་ཞར་བ་སློང་མཁན་ཞིག་ལམ་ཁར་བསྡད་ཡོད་དེ། ༤༧ ན་ཙཱ་རེད་པ་ཡེ་ཤུ་ལགས་པར་ཐོས་ནས། དཱ་བིད་ཀྱི་སྲས་ཡེ་ཤུ་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞེས་འབོད་བསྒྲགས་སོ། ༤༨ མང་པོས་ཁ་བཀག་ཀྱང་། ཁོས། དཱ་བིད་ཀྱི་སྲས་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞེས་ལྷག་པར་འབོད་བསྒྲགས་སོ། ༤༩ ཡེ་ཤུས་དེར་འཐེན་ཙམ་བཞུགས། ཁོ་ལ་བོས་ཤིག་གསུངས་པ་དང་། དེ་ཚོས་ལོང་བ་ལ། སེམས་ལྷོད་དེར་སྡོད་ལོངས་ཤིག ཁོང་གིས་ཁྱོད་ལ་བཀའ་གནང་ངོ་ཟེར་ཞིང་བོས་སོ། ༥༠ ཁོ་གོས་དབྱུགས་ནས་རིངས་སྟབས་སུ་ཡེ་ཤུའི་དྲུང་དུ་འོངས་སོ། ༥༡ ངས་ཁྱོད་ཕྱིར་ཅི་བྱེད་དུ་འདོད་གསུངས་པས། ལོང་བས། ངའི་སྟོན་པ་ལགས། ངས་མཐོང་བར་འདོད་དོ་ཞུས་པ་ལས། ༥༢ ཡེ་ཤུས། སོང་ཞིག ཁྱོད་ཀྱི་དད་པས་ཁྱོད་ཐར་བ་ཡིན་གསུངས་པ་དང་། ཁོས་མཐོང་ནས། ཡེ་ཤུའི་ཞབས་རྗེས་སུ་འབྲངས་སོ༎