འདིར་ལངས་ཡོད་པ་ལས་ཁ་ཅིག་གིས། དཀོན་མཆོག་གི་རྒྱལ་སྲིད་དབང་དང་བཅས་ཚུར་འབྱོན་པ་མཇལ་བའི་བར་དུ་འཆི་བ་མི་མྱོང་ཞེས་ངས་བདེན་པར་ཟེར་གསུངས་སོ༎
 ཞག་དྲུག་གི་རྗེས་སུ། ཡེ་ཤུས་པེ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་འཁྲིད་ནས། རི་མཐོན་པོ་ཞིག་ལ་སོ་སོར་ཕེབས་སོ། དེ་དག་གི་མདུན་དུ་ཁོང་གི་སྐུ་དབྱིབས་གྱུར་ཏེ།  ན་བཟའ་ནི་འོད་ཅན། འཇིག་རྟེན་ན་འཁྲུད་མཁན་སུས་ཀྱང་བྱེད་མི་ནུས་པའི་འོད་དཀར་པོ་ལྟར་གྱུར་ཏོ།  ཡང་མོ་ཤེ་དང་ཨེ་ལི་ཡཱས་ཡེ་ཤུ་ལ་གསུང་གླེང་མཛད་པ་མཇལ་ཏོ། ༥-༦ ཤིན་ཏུ་འཇིགས་ནས། ཅི་ཞུ་མ་ཤེས་པས། པེ་ཏྲོས་ཡེ་ཤུ་ལ། སྟོན་པ་ལགས། ང་ཚོ་འདིར་བཞུགས་པ་ལེགས། གཟིམ་གུར་ཁྱེད་ལ་གཅིག མོ་ཤེ་ལ་གཅིག ཨེ་ལི་ཡཱ་ལ་གཅིག་སྟེ་གསུམ་ཕུབ་པར་མཉེས་སམ་ཞུས་སོ།  དེ་ནས་སྤྲིན་འཁྲིགས་སྟེ། དེ་རྣམས་བསྒྲིབས་པ་དང་། སྤྲིན་ནས་སྒྲ་ཞིག་གིས། འདི་ནི་ངའི་སྲས་གཅིག་པུ་ཡིན། ཁོང་ལ་ཉོན་ཞེས་གསུངས་སོ།  དེ་རྣམས་ཀྱིས་ཕྱོགས་ཀུན་ཏུ་བལྟས་པས། ཡེ་ཤུ་གཅིག་པུ་མ་གཏོགས་པར་སུའང་མ་མཐོང་ངོ་།  རི་ལས་འབབ་པའི་ཚེ། མིའི་བུ་གཤིན་པོའི་ཁྲོད་ལས་བཞེངས་པའི་བར་དུ། ཅི་མཐོང་བ་དེ་སུ་ལའང་མ་འཆད་ཅེས་ནན་ཏན་མཛད་དོ། ༡༠ དེ་རྣམས་ཀྱིས་གསུང་དེ་ཡིད་ལ་བཞག་ནས། གཤིན་པོའི་ཁྲོད་ནས་བཞེང་བའི་དོན་ཅི་ཡིན་ཞེས་ཕན་ཚུན་གླེང་ངོ་། ༡༡ ཁོང་ལ། ཨེ་ལི་ཡཱ་སྔོན་ལ་ཕེབས་དགོས་ཞེས་མཁན་པོ་རྣམས་ཀྱིས་ཅི་ལ་ཟེར་ཞུས་པ་དང་། ༡༢ ཨེ་ལི་ཡཱ་ནི་བདེན་པར་སྔོན་དུ་ཕེབས་སྟེ། ཐམས་ཅད་གསར་དུ་བསྒྱུར་འོང་། མིའི་བུ་ནི་སྡུག་བལྔལ་མང་པོ་མྱོང་ཞིང་རྩིས་མེད་དུ་འགྱུར་འོང་ཞེས་ཅི་ལྟར་བྲིས་པ་ཡིན། ༡༣ ཨེ་ལི་ཡཱ་ཕེབས་ཟིན། ཁོང་གི་སྐོར་ལ་བྲིས་ཡོད་པ་ལྟར། དེ་རྣམས་ཀྱིས་ཁོང་ལ་ཅི་དགའ་བྱས་སོ་ངས་ཟེར་ཞེས་གསུངས་སོ༎
༡༤ ཉེ་གནས་རྣམས་ཀྱི་རྩར་ཕེབས་པའི་ཚེ། མི་མང་པོས་བསྐོར་ཏེ། མཁན་པོ་འགས་ཉེ་གནས་རྣམས་དང་རྩོད་པར་གཟིགས་སོ། ༡༥ མི་ཚོགས་ཐམས་ཅད་ཀྱིས་ཡེ་ཤུ་མཇལ་བ་ཙམ་གྱིས། ངོ་མཚར་ཆེ་བར་གྱུར་ཏེ། ཁོང་གི་དྲུང་དུ་བརྒྱུགས་ནས་ཕྱག་བཙལ་ཏོ། ༡༦ ཁོང་གིས། དེ་རྣམས་དང་མཉམ་དུ་ཅིའི་སྐོར་རྩོད་གླེང་བྱེད། ཅེས་བཀའ་འདྲི་མཛད་པ་དང་། ༡༧ མི་ཚོགས་ཀྱི་ནང་ནས་གཅིག་གིས་ཞུ་ལན་དུ། སྟོན་པ་ལགས། འགོང་པོ་ལྐུགས་པ་ཞུགས་ཡོད་པའི་ངའི་བུ་ཁྱེད་ཀྱི་སྐུ་དྲུང་དུ་འཁྲིད་འོངས་པ་ཡིན། ༡༨ འགོང་པོས་འཛིན་པའི་ཚེ་ན། ས་ལ་བརྡབས་ཏེ། ཁ་ནས་ལྦུ་བ་མཐོན་པ་དང་། སོ་ཁྲིག་ཅིང་ལུས་སྐམ་མོ། ཁྱེད་ཀྱི་ཉེ་གནས་རྣམས་ལ་དེ་སྐྲོད་པའི་ཕྱིར་ཞུས་ཀྱང་། སྐྲོད་མ་ནུས་ཞེས་ཞུས་སོ། ༡༩ ཡེ་ཤུས་དེ་རྣམས་ལ། ཀྱེ་དད་མེད་ཀྱི་མི་རབས། ང་ཁྱོད་དང་མཉམ་དུ་ཇི་ཙམ་བར་དུ་གནས་པར་བྱ། ང་ཁྱོད་དང་མཉམ་དུ་ཇི་ཙམ་བར་དུ་བཟོད་པར་བྱ། ཁོ་འཁྲིད་ཤོག་གསུངས་པ་དང་། ༢༠ འཁྲིད་འོངས་པས། ཁོང་མཇལ་བ་ཙམ་གྱིས། བྱིས་པ་དེར་འགོང་པོས་དྲག་ཏུ་གཟིར་བ་དང་། དེ་ས་ལ་དགྱེལ་ཏེ། ལྦུ་བ་ཐོན་ཞིང་། འགྲེ་ལྡོག་བྱས་སོ། ༢༡ ཁོང་གིས་དེའི་ཕ་ལ། ཁོ་ལ་འདི་ནམ་བྱུང་། ཞེས་བཀའ་འདྲི་མཛད་པ་དང་། དེས་ཆུང་ངུ་ནས་བྱུང་སྟེ། ༢༢ བུ་དེ་གསོད་པའི་ཕྱིར་མེ་དང་ཆུ་ལའང་ཕངས་སོ། ཇི་ཞིག་མཛད་ཐུབ་ན། ངེད་ལ་བརྩེ་བར་གཟིགས་ཏེ། སྐྱབས་མཛོད་ཅིག་ཞུས་སོ། ༢༣ ཡེ་ཤུས་དེ་ལ། ཇི་ཞིག་མཛད་ཐུབ་ན་ཟེར་རམ། དད་པ་བྱེད་མཁན་གྱི་ཕྱིར་ཐམས་ཅད་བྱེད་ཐུབ་བོ། གསུངས་པས། ༢༤ བྱིས་པའི་ཕས། ང་དད་དོ། ངའི་མི་དད་པའི་སེམས་ལ་སྐྱབས་མཛོད་ཅིག་ཅེས་འབོད་བསྒྲགས་སོ། ༢༥ ཡེ་ཤུས་མི་ཚོགས་འདུ་བར་གཟིགས་ནས། འགོང་པོ་ལ་བཀའ་བཀྱོན་མཛད་ཅིང་། འགོང་པོ་ལྐུགས་ཤིང་འོན་པ་ཁྱོད། ཐོན་ལ་ད་ཕྱིན་ཆད་ཁོའི་ནང་དུ་མ་ཞུགས་ཤིག་ཅེས་ངས་བསྒོའོ་གསུངས་པ་དང་། ༢༦ དེས་སྐད་ངན་བཏོན་ཏེ། ཁོ་དྲག་ཏུ་གཟིར་ནས་ཕྱིར་ཐོན་པ་ལས། བྱིས་པ་རོ་ལྟར་གྱུར་པས། མང་པོས་ཤིའོ་ཟེར་ཏོ། ༢༧ ཡེ་ཤུས་དེའི་ལག་ནས་བཟུང་སྟེ་བསླངས་པ་དང་། ཁོ་ཀེར་ལངས་སོ། ༢༨ ཁྱིམ་དུ་ཕེབས་ནས། ཉེ་གནས་རྣམས་ཀྱིས་ཟུར་ལ། ངེད་ཀྱིས་ཅི་ལ་དེ་བསྐྲད་མ་ཐུབ་པ་ཡིན་ཞུས་སོ། ༢༩ འགོང་རིགས་འདི་སྨོན་ལམ་གྱིས་མ་གཏོགས་འཐོན་མི་ཐུབ་གསུངས་སོ༎
༣༠ དེ་ནས་བཞེངས་ཏེ། ག་ལིལ་ཡུལ་རྒྱུད་ནས་ཕེབས། ཉེ་གནས་རྣམས་ལ་ཞལ་གདམས་གནང་བས། ཁོང་བཞུགས་ས་གཞན་གྱིས་ཤེས་པར་མ་དགྱེས་སོ། ༣༡ མིའི་བུ་ནི་མི་རྣམས་ཀྱི་ལག་ཏུ་གཏད་འོང་། དེ་རྣམས་ཀྱིས་ཁོང་དཀྲོངས་འོང་། དཀྲོངས་ནས་ཞག་གསུམ་གྱི་འོག་ཏུ་སྐུ་གསོན་པོར་བཞེང་འོང་གསུངས་ཀྱང་། ༣༢ དེ་དག་གིས་གསུང་དེ་མ་གོ། བཀའ་འདྲི་ཞུ་བ་ལའང་འཇིགས་སོ༎
༣༣ ཀ་ཕར་ནཱ་ཧུམ་དུ་ཕེབས་ནས། ཁྱིམ་ན་བཞུགས་པའི་ཚེ། དེ་རྣམས་ལ། ལམ་ལ་ཅིའི་སྐོར་ལ་རྩོད་པ་ཡིན། ཞེས་བཀའ་འདྲི་མཛད་ཀྱང་། ༣༤ ལམ་ལ། ཉེ་གནས་ཀྱི་མཆོག་སུ་ཡིན་ཟེར་ཞིང་ཕན་ཚུན་གླེང་བས། ཁ་རོག་ཏུ་བསྡད་ཏོ། ༣༥ གདན་འཆགས་ཏེ་བཅུ་གཉིས་པོ་བོས་ནས། དང་པོར་འགྱུར་བར་འདོད་པ་དེ། ཐམས་ཅད་ཀྱི་རྟིང་མ་དང་གཡོག་པོར་འགྱུར་དགོས་གསུངས་ནས། ༣༦ བྱིས་པ་ཞིག་དེ་ཚོའི་དཀྱིལ་དུ་བསླངས་ནས། སྐུ་པང་ལ་བསྣམས་ཏེ། ༣༧ ངའི་མཚན་གྱི་ཕྱིར་དུ་འདི་འདྲ་བའི་བྱིས་པ་གཅིག་བླང་བ་དེས་ང་བླང་། ང་བླང་བ་དེས་ང་མི་བླང་གི། ང་མངགས་མཁན་དེ་བླང་ངོ་། གསུངས་སོ༎
༣༨ ཡོ་ཧ་ནན་གྱིས། སྟོན་པ་ལགས། ཁྱེད་ཀྱི་མཚན་བརྗོད་ཅིང་འགོང་པོ་སྐྲོད་པ་ཞིག་མཐོང་། ང་ཚོའི་རྗེས་འབྲང་མ་ཡིན་པས་བཀག་པ་ཡིན་ཞུས། ༣༩ ཡེ་ཤུས་ངའི་མཚན་བརྗོད་ཅིང་ལྟས་བསྟན་ཏེ། འཕྲལ་དུ་ང་ལ་ཚིག་ངན་ཟེར་ཐུབ་མཁན་མི་འོང་བས། ཁོ་མ་འགེགས་ཤིག ༤༠ ང་ཚོར་དགྲ་མི་བྱེད་པ་དེས་ང་ཚོའི་ཕྱོགས་བྱེད་དོ། ༤༡ ཁྱོད་ཚོས་མཱ་ཤི་ཀའི་མཚན་འཁྱེར་བས། ཁྱོད་ཚོ་ལ་ཕོར་པ་གང་འཐུང་དུ་སྟེར་བ་དེའི་རྔན་པ་ཅི་ནས་ཀྱང་སྟོར་བར་མི་འགྱུར་བས་ངས་བདེན་པར་ཟེར་རོ༎
༤༢ ཆུང་ངུ་འདི་རྣམས་ཀྱི་ནང་ནས་ང་ལ་དད་མཁན་གཅིག་གི་དད་པ་ལོག་འཇུག་པ་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་བཏགས་ཏེ། རྒྱ་མཚོའི་ནང་དབྱུག་ན་ཁོའི་ཕྱིར་ལེགས་སོ། ༤༣-༤༤ ཁྱོད་ཀྱི་ལག་པས་ཁྱོད་ཀྱི་དད་པ་ལོག་འཇུག་ན། གཅོད་ཅིག ལག་པ་གཉིས་མཉམ་དམྱལ་བར་འགྲོ་བ་བས། ལག་རྡུམ་དུ་གྱུར་ཏེ། ཚེ་མཐའ་མེད་པའི་ནང་དུ་འཇུག་པ་ལེགས་སོ། ༤༥ ཁྱོད་ཀྱི་རྐང་པས་ཁྱོད་ཀྱི་དད་པ་ལོག་འཇུག་ན། གཅོད་ཅིག ༤༦ རྐང་པ་གཉིས་མཉམ་དམྱལ་བར་སྐྱུར་བ་ལས། ཞ་བོར་གྱུར་ཏེ། ཚེ་མཐའ་མེད་པའི་ནང་འཇུག་པ་ལེགས་སོ། ༤༧ ཁྱོད་ཀྱི་མིག་གིས་ཁྱོད་ཀྱི་དད་པ་ལོག་འཇུག་ན། ཕྱུངས་ཤིག མིག་གཉིས་མཉམ་དམྱལ་བར་སྐྱུར་བ་བས། མིག་ཡ་གཅིག་མཉམ་དུ་དཀོན་མཆོག་གི་རྒྱལ་སྲིད་ནང་འཇུག་པ་ལེགས་སོ། ༤༨ དེ་རྣམས་ཟ་བའི་དམྱལ་བའི་འབུ་ཡང་མི་འཆི། མེ་ཡང་མི་འཆིའོ། ༤༩ མི་རེ་རེ་མེ་ཡིས་ལན་ཚྭ་བར་བྱེད་པར་འགྱུར་རོ། ༥༠ ཚྭ་ལེགས་ཀྱང་། ཚྭའི་བྲོ་བ་ཡལ་ན། ཅི་ཡིས་ལན་ཚྭ་བར་བྱ། རང་གི་ནང་ན་ཚྭ་དང་ལྡན་པར་གྱུར་ཅིང་། ཕན་ཚུན་མཐུན་ནས་སྡོད་ཅིག།