༨
དེའི་དུས་ལ་མི་ཚོགས་ཆེན་པོ་ཞིག་སླར་འཛོམས་ནས། ཟ་རྒྱུ་མེད་པས། ཁོང་གིས་ཉེ་གནས་རྣམས་བོས་ནས་དེ་དག་ལ། ༢ མི་ཚོགས་འདི་ང་མཉམ་བསྡད་དེ་ཞག་གསུམ་སོང་། ད་ཟ་རྒྱུ་མེད་པས་ང་སྙིང་རྗེའོ། ༣ ཁ་ཅིག་ཐག་རིང་ནས་འོངས་པས། ཁ་སྟོང་དུ་ཁང་པར་འགྲོ་འཇུག་ན། ལམ་དུ་བརྒྱལ་བར་འགྱུར་རོ་གསུངས་པ་དང་། ༤ ཉེ་གནས་རྣམས་ཀྱིས་ཞུ་ལན་དུ། འབྲོག་སྟོང་འདིར་འདི་རྣམས་བག་ལེབ་ཀྱིས་ཅི་ལྟར་ཚིམ་པར་བྱ་ནུས་ཞུས། ༥ བག་ལེབ་ཇི་ཙམ་ཡོད་བཀའ་འདྲི་མཛད་པས། བདུན་ཡོད་ཞུས་སོ། ༦ མི་ཚོགས་ལ་ས་རུ་སྡོད་པའི་བཀའ་སྩལ་ཏེ། བག་ལེབ་བདུན་པོ་ཕྱག་ཏུ་བཞེས་ནས། གཏང་རག་ཕུལ་ཏེ་བཅག་ནས། མི་ཚོགས་ལ་འདྲེན་པའི་ཕྱིར་ཉེ་གནས་རྣམས་ལ་གནང་སྟེ། དེ་དག་གིས་དྲངས་སོ། ༧ དེ་རྣམས་ལ་ཉ་ཆུང་ངུ་ཁ་ཅིག་ཀྱང་ཡོད་པས། བྱིན་རླབས་མཛད་དེ། དེའང་འདྲེན་པའི་བཀའ་གནང་ངོ་། ༨ དེ་རྣམས་ཀྱིས་ཟོས་ནས་འགྲངས་ཏེ། བྲུལ་བུ་ལྷག་མ་བསྡུས་ནས་ཙེ་པོ་བདུན་བཀང་ངོ་། ༩ མི་སྟོང་བཞི་ཙམ་ཡོད་པ་ཡིན། དེ་རྣམས་འགྲོར་བཅུག་ནས། ༡༠ ཉེ་གནས་དང་མཉམ་དུ་གྲུ་ནང་ཕེབས་ཏེ། དལ་མ་ནུ་ཐཱའི་ཡུལ་ཁག་ཏུ་ཕེབས་སོ༎༡༡ ཕ་རུ་ཤི་པ་རེ་འོངས་ནས། ཡེ་ཤུ་དང་རྩོད་གླེང་བྱས་ནས། ཐུགས་སད་ཅིང་། ནམ་མཁའ་ནས་ལྟས་ཤིག་སྟོན་པར་མཛོད་ཞུས་པ་དང་། ༡༢ ཐུགས་ཤུགས་ཕྱུང་ནས། མི་རབས་འདིས་ལྟས་ཅི་ལ་འཚོལ། མི་རབས་འདི་ལ་ལྟས་ཅིའང་མི་བསྟན་ངས་བདེན་པར་ཟེར་གསུངས་ནས། ༡༣ དེ་རྣམས་བཞག་ནས། སླར་གྲུ་ནང་ཞུགས་ཏེ་ཕ་རོལ་དུ་ཕེབས་སོ༎
༡༤ ཉེ་གནས་རྣམས་ལམ་རྒྱགས་ཁྱེར་བ་བརྗེད་ནས་གྲུའི་ནང་བག་ལེབ་གཅིག་ལས་ལྷག་མེད་པ་ཡིན། ༡༥ ཁོང་གིས་དེ་རྣམས་ལ། ཕ་རུ་ཤི་པའི་སྐྱུར་རྩི་དང་ཧེ་རོ་དཱེའི་སྐྱུར་རྩི་ལས་ཟོན་བྱོས་ཤིག་གསུངས་པས། ༡༦ ང་ཚོ་ལ་བག་ལེབ་མེད་ཟེར་ཞིང་ཕན་ཚུན་གླེང་ངོ་། ༡༧ དེ་མཁྱེན་ནས། བག་ལེབ་མེད་ཅེས་གླེང་བ་ཅི་ཡིན། ད་དུང་མི་ཤེས་ཤིང་མི་གོའམ། ད་དུང་ཁྱོད་ཚོའི་བློ་སྒྲིབ་བམ། ༡༨ མིག་ཡོད་ཀྱང་མི་མཐོང་ངམ། རྣ་བ་ཡོད་ཀྱང་མི་ཐོས་སམ། ཅི་ཡང་མི་དྲན་ནམ། ༡༩ ངས་མི་ལྔ་སྟོང་གི་ཕྱིར་བག་ལེབ་ལྔ་བཅག་སྐབས། ཁྱོད་ཚོས་བྲུལ་བུས་གང་བའི་ཙེ་པོ་ཇི་ཙམ་བསྡུས་པ་ཡིན་ཞེས་བཀའ་འདྲི་གནང་བས། བཅུ་གཉིས་སོ་ཞེས་ཞུས། ༢༠ མི་བཞི་སྟོང་ཕྱིར་བག་ལེབ་བདུན་བཅག་སྐབས། བྲུལ་བུས་གང་བའི་ཙེ་པོ་ཇི་ཙམ་བསྡུས་པ་ཡིན་གསུངས་པས་བདུན་ནོ་ཞེས་ཞུས། ༢༡ ད་དུང་ཧ་མི་གོ་བ་ཅི་ཡིན་གསུངས་སོ༎
༢༢ བེད་ཙ་ཡི་དཱ་རུ་བྱོན་པ་དང་། ལོང་བ་ཞིག་སྐུ་དྲུང་དུ་འཁྱེར་འོངས་ནས། དེ་ལ་ཕྱག་རེག་པའི་ཞུ་བ་ཕུལ་བ་ལས། ༢༣ ལོང་བ་དེའི་ལག་པ་ནས་ཕྱག་གིས་བཟུང་སྟེ། ཡུལ་གྱི་ཕྱི་རོལ་དུ་འཁྲིད་ནས། དེའི་མིག་གཉིས་ལ་ལྗགས་ཆབ་གཏོར་ཏེ། མགོའི་ཁར་ཕྱག་གཉིས་བཞག་ནས། ད་མཐོང་ངམ་ཞེས་བཀའ་འདྲི་མཛད་པས། ༢༤ མིག་ཡར་བཏེགས་ནས་བལྟས་ཤིང་། མི་རེ་མཐོང་ངོ་། འོན་ཀྱང་སྐྱེ་ཤིང་འགྲུལ་བ་ལྟར་མཐོང་ངོ་ཞུས་པ་དང་། ༢༥ སླར་ཁོའི་མིག་གཉིས་ལ་ཕྱག་གཉིས་བཞག་པར་མཛད་ནས་ཁོས་བལྟས་པས་སོས་པར་གྱུར་ནས་རྒྱང་མར་ཡོད་པ་ཐམས་ཅད་ཀྱང་གསལ་པོར་མཐོང་ངོ་། ༢༦ ཁོ་ཁྱིམ་དུ་བཏང་ནས། ཡུལ་མི་སུ་ལའང་མ་ལབ་གསུངས་སོ༎
༢༧ ཡེ་ཤུ་ཉེ་གནས་རྣམས་དང་བཅས་གྲོང་ཁྱེར་ཀེ་སར་ཡཱ་ཕི་ལིབ་པིའི་མཐའ་འཁོར་གྱི་ཡུལ་ཚོ་རྣམས་ལ་ཕེབས་པ་ལས། ལམ་བར་དུ་ཉེ་གནས་རྣམས་ལ། མི་རྣམས་ཀྱིས་ང་སུ་ཡིན་ཟེར་རོ་གསུངས་པའི་ཞུ་ལན་དུ། ༢༨ ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན། ལ་ལས་ཨེ་ལི་ཡཱ། ལ་ལས་ལུང་སྟོན་པ་ལས་གཅིག་ལགས་ཞེས་ཟེར་རོ་ཞུས། ༢༩ ཁྱོད་ཅག་གིས་ང་སུ་ཡིན་ཟེར་གསུངས་པའི་ཞུ་ལན་དུ་པེ་ཏྲོས། ཁྱེད་ནི་མཱ་ཤི་ཀ་ལགས་ཞུས་སོ། ༣༠ ཁོང་གི་སྐོར་སུ་ལའང་མི་འཆད་པའི་ཕྱིར་ནན་ཏན་མཛད་དོ༎
༣༡ དེ་རྣམས་ལ། མིའི་བུས་སྡུག་བསྔལ་མང་པོ་མྱོང་བ་དང་། ཁོང་རྒན་པོ་དང་། བླ་ཆེན་དང་། མཁན་པོ་རྣམས་ཀྱིས་སྤོང་བ་དང་། བཀྲོང་བ་དང་། ཞག་གསུམ་གྱི་འོག་ཏུ་སླར་གསོན་པོར་བཞེང་བར་འགྱུར་ཞེས་ཞལ་གདམས་སྟོན་ཞིང་། ༣༢ གསལ་པོར་གསུངས་སོ། པེ་ཏྲོས་ཁོང་སོ་སོར་གདན་ཞུས་ཏེ། སྟིང་ཚིག་སྒྲོག་པ་དང་། ༣༣ ཞལ་བསྒྱུར་ཏེ། ཉེ་གནས་རྣམས་ལ་གཟིགས་ཤིང་། པེ་ཏྲོ་ལ་བཀའ་བཀྱོན་མཛད་དེ། བདུད་ཁྱོད། རྒྱབ་ཏུ་ནུར། ཁྱོད་ཀྱི་བསམ་པ་དཀོན་མཆོག་བཞིན་མ་ཡིན་པར་མི་བཞིན་ཡིན་ནོ་གསུངས་སོ། ༣༤ ཉེ་གནས་དང་མི་ཚོགས་བོས་ནས། ངའི་རྗེས་སུ་འབྲང་བར་འདོད་པ་དེས། བདག་འཛིན་སྤོང་ལ། རང་གི་རྐྱང་ཤིང་འཁུར་ཞིང་ངའི་རྗེས་སུ་འབྲོང་ཞིག ༣༥ རང་སྲོག་སྐྱོབ་མཁན་དེས་བརླག་པར་འགྱུར། ང་དང་ཕྲིན་བཟང་གི་དོན་ལ་སྲོག་བརླག་མཁན་དེས་སྐྱོབ་པར་འགྱུར། ༣༦ མི་ལ་འཇིག་རྟེན་ཧྲིལ་པོར་ཐོབ་ཀྱང་། རང་སྲོག་བརླག་ན་ཅི་ཕན། ༣༧ རང་གི་སྲོག་ཅི་དང་བརྗེ། ༣༨ སྡིག་སྤྱོད་དང་ལྟ་ལོག་གི་མི་རབས་འདིའི་ཁྲོད་དུ། ང་དང་ངའི་ཡིན་པ་ལ་ངོ་ཚ་བ་དེ་ལ། མིའི་བུས་ཀྱང་ཡབ་ཀྱི་གཟི་བརྗིད་ཀྱི་ནང་ན། དམ་པའི་ཕོ་ཉ་དང་བཅས་འབྱོན་དུས་སུ་མི་དེ་ལ་ངོ་ཚ་བར་བྱའོ༎