༧
ཡེ་རུ་ཤ་ལེམ་ནས་འོངས་པའི་ཕ་རུ་ཤི་པ་དང་། མཁན་པོ་རེ་ཁོང་གི་སྐུ་དྲུང་དུ་འདུས་སོ། ༢-༤ ཕ་རུ་ཤི་པ་དང་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་རྒན་པོའི་གཏམ་རྒྱུད་སྲུང་ཞིང་། ལག་པ་ཁྲུས་ནས་མ་གཏོགས་མི་ཟ་བ་དང་། ཁྲོམ་ནས་འོངས་ཏེ་ལུས་མ་འཁྲུད་པར་མི་ཟ་བ། ཕོར་པ་དང་། བུམ་པ་དང་། ཟངས་ཀྱི་སྣོད་འཁྲུད་པ་ལ་སོགས་སྲུང་བྱ་མང་པོ་སྲུང་ངོ་། ཕ་རུ་ཤི་པ་དང་མཁན་པོ་དེ་རྣམས་ཀྱིས། ཡེ་ཤུའི་ཉེ་གནས་རེས་ལག་པ་མི་གཙང་བའམ། མ་འཁྲུ་བར་ཁ་ཟས་ཟ་བར་མཐོང་སྟེ། ༥ ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་རྒན་པོའི་གཏམ་རྒྱུད་མི་སྲུང་བར། ལག་པ་མི་གཙང་བས་ཁ་ཟས་ཅི་ལ་ཟའོ་ཞུས་པ་དང་། ༦ བཀའ་ལན་དུ། ཁྱོད་ཁ་ཆོས་པ་རྣམས་ཀྱི་སྐོར་དུ་ཡེ་ཤ་ཡཱས།སྡེ་འདིས་ཁ་ནས་ང་བཀུར་ཡང་༎
སྙིང་ནི་ང་ནས་ཐག་རིང་འདུག།
༧ ང་ལ་དོན་མེད་ཕྱག་འཚལ་ཞིང་༎
མི་ཡི་ཁྲིམས་ཀྱི་བསྟན་པ་སྟོན༎
ཞེས་ལེགས་པར་ལུང་བསྟན་ཏོ། ༨ ཁྱེད་ཚོས་དཀོན་མཆོག་གི་བཀའ་སྤངས་སྟེ། མིའི་གཏམ་རྒྱུད་སྲུང་ངོ་། ༩ རང་གི་གཏམ་རྒྱུད་འཛུག་པའི་ཕྱིར། ཁྱེད་ལ་དཀོན་མཆོག་གི་བཀའ་སྤོང་བའི་སྙད་བདེའོ། ༡༠ ཇི་ལྟར་ཟེར་ན། མོ་ཤེས་ཕ་དང་མ་ལ་བཀུར་སྟི་བྱོས་ཤིག ཡང་ཕ་མ་སྨད་མཁན་དེ་འཆི་བར་དགོས་ཞེས་གསུངས་ཡོད་ཀྱང་། ༡༡ ཁྱེད་ཚོས་ནི། གལ་ཏེ་སུ་ཞིག་གིས་ཕའམ་མ་ལ། ངས་ཁྱེད་ལ་ཕུལ་འོས་པའི་ཞབས་ཏོག་ཀོར་བཱན། བོད་སྐད་དུ། མཆོད་པར་དཀོན་མཆོག་ལ་ཕུལ་བ་ཡིན་ཟེར་ན། ༡༢ མི་དེ་ལ་དེ་ཕྱིན་ཆད་ཕ་མ་ལ་བཀུར་སྟི་བྱེད་མི་འཇུག་གོ། ༡༣ ཁྱེད་ཚོས་རང་གིས་བཙུགས་པའི་གཏམ་རྒྱུད་ཀྱིས་དཀོན་མཆོག་གི་བཀའི་དབང་མེད་པར་བྱེད་དོ། ཡང་དེ་དང་འདྲ་བ་མང་པོ་བྱེད་དོ་གསུངས་སོ༎
༡༤ མི་ཚོགས་སླར་བོས་ནས། ཁྱེད་ཐམས་ཅད་ང་ལ་ཉོན་ལ་གོ་བར་གྱིས་ཤིག ༡༥ ཕྱི་ནས་ཁོག་པའི་ནང་ཞུགས་པ་དེས་མི་གྲིབ་ཅན་མི་བྱེད་ཀྱང་། ཁོག་པའི་ནང་ནས་ཐོན་པ་དེས་གྲིབ་ཅན་བྱེད་དོ་གསུངས་སོ། ༡༦ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༡༧ མི་ཚོགས་དང་བྲལ་ནས་ཁྱིམ་དུ་ཕེབས་པའི་ཚེ། ཉེ་གནས་རྣམས་ཀྱིས་གབ་ཚིག་དེའི་སྐོར་བཀའ་འདྲི་ཞུས་པ་དང་། ༡༨ བཀའ་ལན་དུ། ཁྱེད་ཚོའང་འདི་ཙམ་གླེན་པ་ཡིན་ནམ། ཕྱི་ནས་ཁོག་པའི་ནང་དུ་འགྲོ་བ་དེ། ༡༩ ཡིད་ཀྱི་ནང་དུ་མི་འགྲོ་བས། གྲོད་པའི་ནང་དུ་འགྲོ་སྟེ། གསང་སྤྱོད་དུ་འཐོན་པས། མི་ཞིག་གྲིབ་ཅན་བྱེད་མི་ཐུབ་པ་མི་གོའམ་གསུངས་ནས། ཁ་ཟས་ཐམས་ཅད་གཙང་མ་ཡིན་པར་བསྟན་ཏོ། ༢༠ མིའི་ཁོག་པའི་ནང་ནས་འཐོན་པ་དེས་གྲིབ་ཅན་བྱེད། ༢༡ ཡིད་ཀྱི་ནང་ནས་འདོད་ལོག་དང་། ༢༢ རྐུ་བ་དང་། མི་གསོད་པ་དང་། ལོག་གཡེམ་དང་། བརྣབ་སེམས་དང་། མི་དགེ་བ་དང་། སྒྱུ་ཟོག་དང་། འདོད་ཆགས་དང་། མིག་ངན་པ་དང་། སྐུར་པ་འདེབས་པ་དང་། ང་རྒྱལ་དང་། བླུན་སེམས་ལ་སོགས་བསམ་པ་ངན་པ་འཐོན་ཏེ། ༢༣ མི་ནི་གྲིབ་ཅན་བྱེད་དོ་གསུངས་སོ༎
༢༤ དེ་ནས་བཞེངས་ཏེ། ཚོར་དང་ཚི་དོན་གྱི་ཡུལ་ལྗོངས་ལ་ཕེབས་ནས། ཁང་པ་ཞིག་གི་ནང་བྱོན་ཏེ། གཞན་པས་ཤེས་པར་མ་མཉེས་ཀྱང་། ཡིབ་མ་ཐུབ་པར། ༢༥ བུ་མོ་འགོང་ཞུགས་ཤིག་གི་མས་ཁོང་གི་སྙན་གྲགས་ཐོས་ནས་འོངས་ཏེ། ཞབས་ཀྱི་དྲུང་དུ་ཕྱག་བཙལ་ཏོ། ༢༦ བུད་མེད་དེ་ཧེལ་ལེན་མ་ཡིན་ཏེ། སི་རི་ཕེ་ནི་ཀེའི་རིགས་ལ་གཏོགས་པའོ། དེས་ཁོང་ལ། དེའི་བུ་མོའི་ནང་ནས་འགོང་པོ་སྐྲོད་ཕྱིར་ཞུས་པ་དང་། ༢༧ ཕྲུ་གུའི་བག་ལེབ་བླངས་ཏེ་ཁྱི་ལ་གཏོང་བ་མི་ལེགས་པས། སྔོན་དུ་ཕྲུ་གུ་རྣམས་འགྲང་ཆུག་ཅིག་གསུངས་སོ། ༢༨ ཞུ་ལན་དུ། གཙོ་བོ། ལྕོག་ཙེའི་འོག་ཏུ་ཁྱིས་ཀྱང་ཕྲུ་གུའི་བག་ལེབ་ཀྱི་བྲུལ་བུ་ལས་ཟའོ་ཞུས་པ་དང་། ༢༩ ཁྱོད་ཀྱིས་དེ་སྨྲས་པས། སོང་ཞིག ཁྱོད་ཀྱི་བུ་མོའི་ནང་ནས་འགོང་པོ་ཐོན་ཏོ་གསུངས་སོ། ༣༠ ཁྱིམ་དུ་བསླེབས་ནས། འགོང་པོ་ཐོན་ཏེ་མོ་མལ་སའི་ནང་ཉལ་ཡོད་པ་མཐོང་ངོ་༎
༣༡ ཡེ་ཤུ་ཚོར་གྱི་ཡུལ་ལྗོངས་ནས་བཞེངས་ཏེ། ཚི་དོན་གྱི་ལམ་ལས་དེ་ཀཱ་པོ་ལིས་བྱ་བའི་ཡུལ་འཁོར་གྱི་དཀྱིལ་ནས་རྒྱུད་དེ། ག་ལིལ་མཚོ་རུ་ཕེབས་སོ། ༣༢ མི་རྣམས་ཀྱིས་འོན་པ་ཁ་དིག་ཅིག་སྐུ་དྲུང་དུ་འཁྱེར་འོངས་ཏེ། དེའི་མགོ་ལ་ཕྱག་འཇོག་ཕྱིར་ཞུས། ༣༣ ཁོང་གིས་མི་དེ་མི་ཚོགས་ཀྱི་ནང་ནས་ལོགས་སུ་འཁྲིད་ནས། དེའི་རྣ་བ་གཉིས་ནང་ཕྱག་མཛུབ་བཅུག་སྟེ། ལྗགས་ཆབ་གཏོར་ནས་ཁོའི་ལྕེ་ལ་རེག་ནས། ༣༤ ནམ་མཁར་གཟིགས་ཤིང་ཤུགས་ནར་ཕྱུར་སྟེ། ཨེ་ཕ་ཐ། བོད་སྐད་དུ། འབྱེ་བར་གྱུར་ཅིག་གསུངས་པ་དང་། ༣༥ ཁོའི་རྣ་བ་བྱེ་ནས། ལྕེ་བསྡམས་ཡོད་པ་དེ་གྲོལ་ཏེ་དག་པོར་སྨྲས་སོ། ༣༦ སུ་ལའང་མི་འཆད་པའི་བཀའ་གནང་ཡང་། ཇི་ཙམ་ནན་ཏན་མཛད་པ་དེ་ཙམ་ལྷག་པར་དར་བཅུག་གོ། ༣༧ དེ་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར་ནས། ཁོང་གིས་ཐམས་ཅད་ལེགས་པར་མཛད་ཅིང་། འོན་པས་སྒྲ་ཐོས་པ་དང་། ལྐུགས་པས་གཏམ་སྨྲ་འཇུག་པར་མཛད་དོ་ཞེས་ཟེར་ཏོ༎