༦
དེ་ནས་བཞེངས་ཏེ། ཉིད་ཀྱི་ཕ་ཡུལ་དུ་བྱོན་པ་ལས། ཉེ་གནས་རྣམས་ཞབས་རྗེས་སུ་འབྲངས་སོ། ༢ ཤབ་བཱད་རན་པའི་ཚེ། འདུ་ཁང་ནང་ཆོས་བསྟན་པས། མང་པོས་དེ་ཐོས་ནས་ངོ་མཚར་དུ་གྱུར་ཏེ། འདི་ཁོ་ལ་གང་ནས་བྱུང་། ཁོ་ལ་ཐོབ་པའི་ཤེས་རབ་དང་། ཁོའི་ལག་ནས་སྟོན་པའི་ལྟས་འདི་ཅི་ཡིན། ༣ མིར་ཡམ་གྱི་བུ་ཤིང་མཁན་དེ་ནི། ཡ་ཀོབ་དང་། ཡོ་སེབ་དང་། ཡུ་དཱ་དང་། ཤི་མོན་གྱི་ཕུ་བོ་མ་ཡིན་ནམ། དེའི་སྲིང་མོ་རྣམས་འདིར་ངེད་མཉམ་དུ་མེད་དམ་ཟེར་ཏེ། དེ་རྣམས་དད་པ་ཉམས་པའི་རྒྱུར་གྱུར་ཏོ། ༤ ཡེ་ཤུས་དེ་རྣམས་ལ། ལུང་སྟོན་པ་ལ་རང་ཡུལ་དང་། གཉེན་དྲུང་དང་། རང་ཁྱིམ་ན་མ་གཏོགས་པར་གར་ཡང་རྩིས་མེད་མི་བྱུང་ངོ་གསུངས་སོ། ༥ དེ་རུ་ནད་པ་རེའི་ཁར་ཕྱག་བཞག་ནས་གསོ་བ་མ་གཏོགས་པར། ལྟས་གཞན་བསྟན་མ་ནུས་ཤིང་། ༦ དེ་རྣམས་ཀྱི་དད་མེད་ལ་ངོ་མཚར་འཁྲུངས་སོ། དེ་ནས་མཐའ་འཁོར་གྱི་ཡུལ་ཚོའི་ནང་ཆོས་སྟོན་ཅིང་ཕེབས་སོ༎༧ སྐུ་ཚབ་བཅུ་གཉིས་པོ་བོས་ནས། གཉིས་གཉིས་མངགས་ཏེ། འགོང་པོ་སྐྲོད་པའི་དབང་བསྐུར་ཏོ། ༨ དེ་རྣམས་ལ། ལམ་གྱི་ཕྱིར་དབྱུག་པ་མ་གཏོགས་པར། རྒྱགས་སམ། སྒྱེ་ཁུག་གམ། སྐ་རགས་ནང་དངུལ་ཅིའང་མ་ཁུར། ༩ ཀྲད་པ་གོན་ཞིང་། གོས་གཉིས་མ་གོན། ༡༠ ག་རུའང་ཁང་པ་ཞིག་ནང་ཞུགས་ན། ཡུལ་དེ་ནས་འཐེགས་པའི་བར་དེར་སྡོད་ཅིག ༡༡ ཡུལ་གང་དུ་ཁྱེད་ཚོ་མི་བསུ་ཞིང་། ཁྱེད་ཚོའི་གཏམ་ལ་མི་ཉན་ན། དེ་ནས་འགྲོ་དུས་སུ། དེ་རྣམས་ལ་དཔང་བྱེད་པའི་དོན་དུ། ཁྱེད་ཚོའི་རྐང་པའི་རྡུལ་སྤྲུགས་ཤིག་ཅེས་བཀའ་སྩལ་ཏོ། ༡༢ དེ་རྣམས་ཐེགས་ནས་སོང་སྟེ། སེམས་སྒྱུར་བའི་ཆོས་བཤད་ཅིང་། ༡༣ འགོང་པོ་མང་པོ་བསྐྲད་པ་དང་། ནད་པ་མང་པོར་སྣུམ་བྱུགས་ནས་གསོས་སོ༎
༡༤ ཡེ་ཤུའི་སྙན་གྲགས་རྒྱས་པས། ལྗོངས་དཔོན་ཧེ་རོ་དཱེས་ཀྱང་ཐོས། ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་གཤིན་པོའི་ཁྲོད་ནས་ལངས་ཏེ། ལྟས་དེ་རྣམས་སྟོན་ནོ་སྨྲས་སོ། ༡༥ ལ་ལས་ཨེ་ལི་ཡཱ་ཡིན་ནོ་སྨྲས། ལ་ལས་སྔར་གྱི་ལུང་སྟོན་པ་རྣམས་དང་འདྲ་བའི་ལུང་སྟོན་པ་ཞིག་ཡིན་སྨྲས་སོ། ༡༦ ཧེ་རོ་དཱེས་ནི་དེ་ཐོས་ནས། ངས་མགོ་བཅད་པའི་ཡོ་ཧ་ནན་དེ་རང་གསོན་པོར་ལངས་པ་ཡིན་ནོ་སྨྲས་སོ། ༡༧-༡༨ སྔོན་ཧེ་རོ་དཱེས་རང་གི་ནུ་བོ་ཕི་ལིབ་ཀྱི་ཆུང་མ་ཧེ་རོད་ཡཱ་བྱ་བ་ཆུང་མར་བླངས་པས། ཡོ་ཧ་ནན་གྱིས། ཁྱེད་ཀྱིས་རང་གི་ནུ་བོའི་ཆུང་མ་ལེན་མི་ཆོག་གསུངས་པས། ཁོས་མི་བཏང་ནས་ཡོ་ཧ་ནན་བཟུང་སྟེ། བཙོན་དུ་བཅུག་གོ། ༡༩ ཧེ་རོད་ཡཱས་འཁོན་དུ་བཟུང་སྟེ་ཁོང་གསོད་པར་འདོད་ཀྱང་མ་ནུས་སོ། ༢༠ ཅི་ཕྱིར་ཞེ་ན། ཧེ་རོ་དཱེས་ཡོ་ཧ་ནན་ནི་སྐྱེས་བུ་དྲང་པོ་དང་དམ་པ་ཡིན་པར་ཤེས་ཏེ། འཇིགས་ནས་ཁོང་སྐྱབས་པ་ཡིན། ཁོང་གི་ཆོས་ཉན་པའི་ཚེ་སེམས་ཚམ་ཚོམ་དུ་གྱུར་ཀྱང་དགའ་ཞིང་ཉན་ཏོ། ༢༡ ཧེ་རོ་དཱེས་སྐུ་དྲག་དང་། དམག་དཔོན་དང་། ག་ལིལ་གྱི་མི་ཆེན་རྣམས་ལ་རང་གི་སྐྱེ་ཞག་གི་མགྲོན་བཏང་བས། སྐབས་དེར། ༢༢ ཧེ་རོད་ཡཱའི་བུ་མོ་ནང་དུ་འོངས་ཏེ། གར་རྩེད་ནས། ཧེ་རོ་དཱེ་དང་མགྲོན་པོ་རྣམས་དགའ་བར་བྱས་པས། ལྗོངས་དཔོན་གྱིས་མོ་ལ། ཇི་འདོད་པ་སྨྲོས་ཤིག་ངས་ཁྱོད་ལ་གཏོང་བར་བྱའོ། ༢༣ ངའི་ཡུལ་ཕྱེད་ཀྱི་བར་དུ་ཞུ་ནའང་སྟེར་འོང་ཞེས་ཟེར་ཏེ་མནའ་བསྐྱལ་ཏོ། ༢༤ མོ་ཕྱི་རོལ་དུ་སོང་ནས་མ་ལ། ངས་ཇི་སློང་བར་བྱ་ཞེས་དྲིས་པས། མས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་སློང་ཞིག་སྨྲས་པས། ༢༥ མོ་མགྱོགས་པར་ལྗོངས་དཔོན་གྱི་དྲུང་དུ་འོངས་ནས། ད་ལྟ་རང་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་སྡེར་མའི་ནང་ང་ལ་གནང་བ་འདོད་དོ་ཞུས། ༢༦ མགྲོན་པོའི་མདུན་དུ་མནའ་བསྐྱེལ་བས། མོའི་ཞུ་བ་ཟློག་མ་འདོད་དེ། ལྗོངས་དཔོན་ཤིན་ཏུ་ཚེར་ཡང་། ༢༧ སྐུ་སྲུང་གཅིག་བཏང་ནས། དེའི་མགོ་འཁྱེར་འོང་བའི་བཀའ་སྩལ་ནས། དེ་སོང་ནས་བཙོན་ཁང་ནང་ཁོང་གི་དབུ་བཅད་དེ། ༢༨ སྡེར་མའི་ནང་འཁྱེར་འོངས་ཏེ་མོ་ལ་སྤྲད་པས། མོས་མ་ལ་སྤྲད་དོ། ༢༩ ཁོང་གི་སློབ་མ་རྣམས་ཀྱིས་དེ་ཐོས་ནས་འོངས་ཏེ། སྐུ་སྤུར་འཁྱེར་ནས། སྤུར་ཁང་ཞིག་ནང་བཞག་གོ།
༣༠ སྐུ་ཚབ་རྣམས་ཡེ་ཤུའི་སྐུ་དྲུང་དུ་འཛོམས་ནས། ཇི་བྱས་པ་དང་། ཇི་བསྟན་པ་ཐམས་ཅད་ཞུས་སོ། ༣༡ མི་མང་པོའི་འགྲོ་འོང་གིས་ཡེ་ཤུ་གསོལ་བའང་བཞེས་མ་བཏུབ་པས། ཡེ་ཤུས་དེ་རྣམས་ལ། ཅུང་ཟད་ཅིག་ངལ་གསོ་ཕྱིར་དབེན་པར་ཤོག་ཅིག་གསུངས་པས། ༣༢ གྲུའི་ནང་ཞུགས་ཏེ་དབེན་པར་ཕེབས་སོ། ༣༣ མང་པོས་ཁོང་ཕེབས་པ་མཐོང་སྟེ་ངོ་ཤེས་ནས། གྲོང་ཁྱེར་ཀུན་ནས་རྐང་ཐང་ལ་དེ་ཕྱོགས་སུ་བརྒྱུགས་ནས། ཁོང་ལས་སྔོན་དུ་བསླེབས་སོ། ༣༤ ཁོང་གྲུ་ལས་ཐོན་པ་དང་། མི་ཚོགས་ཆེན་པོ་དེ་རྫི་བོ་མེད་པའི་ལུག་དང་འདྲ་བར་གཟིགས་ནས། སྙིང་རྗེ་འཁྲུངས་ཏེ། དེ་དག་ལ་ཆོས་མང་པོ་བསྟན་ཏོ། ༣༥ ཉི་མ་ཕྱི་མོར་སོང་བའི་ཚེ། ཉེ་གནས་རྣམས་སྐུ་དྲུང་དུ་འོངས་ནས། ས་ཆ་འདི་འབྲོག་སྟོང་ཡིན་ཏེ། ཉི་མའང་ཕྱིས་སོ། ༣༦ འདི་རྣམས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྣམས་ལ་སོང་ནས། ཟ་རྒྱུ་ཉོ་རུ་དགོངས་པ་གནོང་ཞིག་ཞུས་པ་ལས། ༣༧ བཀའ་ལན་དུ། དེ་རྣམས་ལ་ཟ་རྒྱུ་ཁྱེད་ཚོས་སྟེར་ཞིག་གསུངས་པས། དེ་ཚོས། ང་ཚོ་སོང་ནས་དི་ནཱར་ཉིས་བརྒྱའི་བག་ལེབ་ཉོས་ནས་དེ་ཚོར་ཟ་རུ་སྟེར་རམ་ཞུས། ༣༨ ཁྱེད་ཚོར་བག་ལེབ་ཇི་ཙམ་ཡོད་སོང་ལ་ལྟོས་གསུངས་པས་བལྟས་ཏེ། བག་ལེབ་ལྔ་དང་ཉ་གཉིས་འདུག་ཞུས་སོ། ༣༩ ཁོང་གིས་མི་ཐམས་ཅད་སྤང་སྔོན་པོའི་ཁར་ཚོ་ཁག་བྱས་ནས་སྡོད་འཇུག་པའི་བཀའ་གནང་བས། ༤༠ བརྒྱ་བརྒྱ་དང་། ལྔ་བཅུ་ལྔ་བཅུའི་གྲལ་བྱས་ནས་བསྡད་དོ། ༤༡ ཁོང་གིས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས་ནས། ནམ་མཁའ་ལ་གཟིགས་ཤིང་། བྱིན་རླབས་མཛད་ནས། བག་ལེབ་བཅག་སྟེ། འདྲེན་པའི་ཕྱིར་ཉེ་གནས་རྣམས་ལ་གནང་སྟེ། ཉ་གཉིས་ཀྱང་ཐམས་ཅད་ལ་བགོས་སོ། ༤༢ ཐམས་ཅད་ཀྱིས་ཟོས་ནས་ཚིམས་ཏེ། ༤༣ བྲུལ་བུས་བཀང་བའི་ཙེ་པོ་བཅུ་གཉིས་དང་། ཉའི་ལྷག་མ་རྣམས་བསྡུས་སོ། ༤༤ བག་ལེབ་ཟ་མཁན་སྐྱེས་པ་ལྔ་སྟོང་ངོ་༎
༤༥ ཁོང་གིས་ཉེ་གནས་རྣམས་ལ། ངས་མི་ཚོགས་ལ་དགོངས་པ་གཏོང་བའི་བར་དུ། ཁྱོད་ཅག་གྲུའི་ནང་ཞུགས་ཏེ། ཕ་རོལ་དུ་བེད་ཙ་ཡི་དཱ་རུ་སོང་ཞིག་ཅེས་ནན་གྱིས་གསུངས་སོ། ༤༦ མི་ཚོགས་བཏང་ནས། ཐུགས་དམ་ལ་བཞུགས་ཕྱིར་རིར་གཤེགས་སོ། ༤༧ སྲོད་ལ་གྲུ་མཚོ་དཀྱིལ་དུ་བསླེབས་ཏེ། ཁོང་གཅིག་པུར་སྐམ་སར་བཞུགས་སོ། ༤༨ མི་མཐུན་པའི་རླུང་ལངས་པས་གྲུ་གཏོང་བ་ལ་འུ་ཐུག་པར་གཟིགས་ནས། མཚན་གྱི་ཕྱེད་ཡོལ་དུ། མཚོའི་སྟེང་དུ་ཞབས་འཆག་ཅིང་། དེ་རྣམས་ཀྱི་རྩར་ནས་ཐལ་ཏེ་གཤེགས་པར་དགོངས། ༤༩ ཁོང་མཚོའི་ཁར་ཞབས་འཆག་པ་ཁོང་ཚོས་མཐོང་ནས་སྐྲགས་ཏེ། འདྲེའོ་བསམ་ཞིང་འབོད་བསྒྲགས་སོ། ༥༠ ཁོང་གིས་དེ་རྣམས་ལ་གསུང་གླེང་མཛད་དེ། སེམས་ལྷོད་དེར་སྡོད། ང་ཡིན། མ་འཇིགས་ཤིག་གསུངས་ནས། ༥༡ གྲུའི་ནང་དེ་རྣམས་ཀྱི་རྩར་ཕེབས་པ་ཙམ་གྱིས་རླུང་ཆད་དེ། ༥༢ བག་ལེབ་ཀྱི་ངོ་མཚར་ཅན་གྱི་མཛད་པ་བློར་མ་འཆུད་པའི་ཐོག་ད་ལྟའི་མཛད་པ་འདིས་ཁོང་ཚོའི་མགོ་འཐོམས་པར་གྱུར་ཏོ༎
༥༣ ཆུ་མཐར་ཕེབས་ཏེ། གེ་ནེ་སཱ་རེད་ཡུལ་དུ་བསླེབས་ནས། གྲུ་མཚོ་འགྲམ་ལ་བཏགས་ཏེ། ༥༤ གྲུ་ནས་ཐོན་པ་ཙམ་གྱིས་ཡུལ་པས་ཁོང་ངོ་ཤེས་ནས། ༥༥ ཡུལ་འཁོར་དེའི་ཕྱོགས་ཀུན་ཏུ་བརྒྱུགས་ནས། ནད་པ་རྣམས་མལ་ཁྲིའི་ཁར་ཁོང་གང་དུ་བཞུགས་པ་དེར་ཁྱེར་ཏོ། ༥༦ ཡུལ་ཚོའམ། གྲོང་ཁྱེར་རམ། གྲོང་ཡན་ཁོང་ཕེབས་པའི་ས་རུ། ནད་པ་རྣམས་ཁྲོམ་ནང་བཞག་སྟེ། ན་བཟའི་མཐའ་མ་ཙམ་ལ་རེག་པར་ཞུ་བ་ཕུལ་བ་དང་། ཁོང་ལ་རེག་ཚད་ནད་ལས་ཐར་བར་གྱུར་ཏོ༎