༥
མཚོའི་ཕ་རོལ་དུ་གེ་རཱ་སེན་པའི་ཡུལ་འཁོར་དུ་ཕེབས་ནས། ༢ གྲུ་ལས་ཐོན་པ་ཙམ་གྱིས། འགོང་ཞུགས་ཀྱི་མི་ཞིག་དུར་ཁྲོད་ནས་འབྱུང་ཞིང་ཁོང་མཇལ་ཏོ། ༣ ཁོ་ནི་དུར་ཁྲོད་ན་བསྡད་དེ། སུས་ཀྱང་ཁོ་ལྕགས་སྒྲོག་གིས་ཀྱང་འཆིང་བར་མ་ཐུབ་པར། ༤ ལན་མང་པོར་རྐང་ལྕགས་དང་ལག་ལྕགས་བརྒྱབ་ཀྱང་། ལྕགས་སྒྲོག་བཅག་སྟེ། རྐང་ལྕགས་དུམ་བུར་བཏང་བས། སུས་ཀྱང་བཅུན་མ་ཐུབ་བོ། ༥ ཉིན་མཚན་མེད་པར་དུར་ཁྲོད་དང་རི་རྣམས་ལ་སྐད་ངན་འདོན་ཞིང་། རྡོས་ཁོ་རང་རྨས་པར་བྱེད་དོ། ༦ ཐག་རིང་ནས་ཡེ་ཤུ་མཇལ་བ་དང་། རྒྱུགས་ནས་ཁོས་ཕྱག་བཙལ་ཏོ། ༧-༨ ཁོང་གིས། འགོང་པོ་ཁྱོད། མི་འདིའི་ནང་ནས་ཕྱིར་ཐོན་ཅིག་ཅེས་བཀའ་སྩལ་པས། དེས་སྐད་ཆེན་པོས། ཀྱེ་བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ། ཁྱེད་དང་ང་ལ་འབྲེལ་བ་ཅི། ངས་ཁྱེད་ལ་དཀོན་མཆོག་གི་མནའ་འགེལ་བས། ང་ལ་འཚེ་བར་མ་མཛད་ཅེས་ཞུས་སོ། ༩ ཁྱོད་ཀྱི་མིང་ལ་ཅི་ཟེར། ཞེས་བཀའ་འདྲི་མཛད་པ་དང་། ང་ཚོ་མང་པོ་ཡོད་པས་མིང་ལ་དམག་དཔུང་ཞེས་ཟེར་རོ་ཞུས་ནས། ༡༠ ཡུལ་འཁོར་དེ་ནས་མི་སྐྲོད་ཕྱིར་མང་དུ་ཞུས་སོ༎༡༡ རི་ལ་འཚོ་བའི་ཕག་ཁྱུ་ཆེན་པོ་ཞིག་ཡོད་པ་ལས། ༡༢ འགོང་པོས་ང་ཚོ་ཕག་ནང་འཇུག་པར་གནོང་ཞིག་ཅེས་ཞུས་པ་དང་། ༡༣ ཁོང་གིས་གནང་བས། འགོང་པོ་རྣམས་ཐོན་ནས། ཕག་གི་ནང་དུ་ཞུགས་ནས། ཕག་ཉིས་སྟོང་ཙམ་ཡོད་པའི་ཁྱུ་གཡང་གཟར་ནས་རྒྱུགས་པས་མཚོར་ལྷུང་ནས་ནུབ་སྟེ་ཤིའོ། ༡༤ ཕག་རྫི་རྣམས་བྲོས་ཏེ། གྲོང་ཁྱེར་དང་ཀླུངས་སུ་གནས་ཚུལ་རྣམས་བཤད་པ་དང་། ཇི་བྱུང་བ་ལྟ་རུ་ཡུལ་པ་རྣམས་འོངས་ནས། ༡༥ ཡེ་ཤུའི་སྐུ་དྲུང་དུ་བསླེབས་ཏེ། འགོང་པོའི་དམག་དཔུང་ཞུགས་པའི་མི་དེ་བསྡད་དེ། གོས་གོན་ཏེ། དྲན་པ་བརྟན་པོར་གནས་ཡོད་པ་མཐོང་ནས་འཇིགས་སོ། ༡༦ མཛད་པ་དེ་མཐོང་བ་རྣམས་ཀྱིས་དེ་ཚོ་ལ་འགོང་ཞུགས་དང་ཕག་རྣམས་ལ་ཇི་ལྟར་བྱུང་བ་བཤད་པ་དང་། ༡༧ དེ་རྣམས་ཀྱིས་ཁོང་ལ་ཡུལ་འཁོར་ནས་ཕར་ཕེབས་ཕྱིར་ཞུ་བ་ཕུལ་ཏོ། ༡༨ ཁོང་གྲུའི་ནང་དུ་ཕེབས་པ་ལས། འགོང་ཞུགས་སོས་པ་དེས། ཁོང་མཉམ་སྡོད་དུ་ཞུ་བ་ཕུལ་ཀྱང་། ༡༩ མ་གནང་བར་དེ་ལ། ཁྱིམ་དུ་གཉེན་རྣམས་ཀྱི་རྩར་སོང་ནས། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཇི་མཛད་པ་དང་། བརྩེ་བར་གཟིགས་པ་ཤོད་ཅིག་ཅེས་བཀའ་སྩལ་ཏོ། ༢༠ ཁོ་སོང་ནས་དེ་ཀཱ་པོ་ལིས་ཡུལ་དུ། ཡེ་ཤུས་ཁོ་ལ་ཇི་མཛད་པ་བཤད་པས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ༎
༢༡ ཡེ་ཤུ་གྲུའི་ནང་དུ་ཚུར་རོལ་དུ་བྱོན་པ་དང་། སླར་མི་ཚོགས་ཆེན་པོ་ཞིག་སྐུ་དྲུང་དུ་འདུས། ཁོང་མཚོ་འགྲམ་ལ་བཞུགས་ཡོད་པ་ཡིན་ནོ། ༢༢ འདུ་ཁང་གི་དབུ་མཛད་ཡ་ཨིར་བྱ་བ་འོངས་ནས། མཇལ་བ་དང་། ཞབས་དྲུང་དུ་ལུས་ས་ལ་བརྡབས་ཏེ། ༢༣ ངའི་བུ་མོ་འཆི་བ་ལ་ཐུག་པས། མོ་ནད་ལས་ཐར་ཏེ་གསོན་ཕྱིར། ཕེབས་ནས་མོའི་མགོ་ལ་ཕྱག་འཇོག་པར་མཛོད་ཅིག ཅེས་མང་དུ་ཞུས་པས། ༢༤ ཡེ་ཤུ་ཁོ་དང་མཉམ་དུ་ཕེབས་པ་ལས།
མི་ཚོགས་ཆེན་པོ་ཡེ་ཤུ་ལ་འབྲངས་ནས་རུབ་བོ། ༢༥ ཁྲག་འཛག་ནས་ལོ་བཅུ་གཉིས་སོང་བའི་བུད་མེད་གཅིག ༢༦ ཨམ་ཆི་མང་པོ་བསྟན་ཀྱང་སྡུག་བསྔལ་མང་པོ་མྱང་ཞིང་། ནོར་ཐམས་ཅད་བཏང་ཡང་མ་ཕན་པར་ཐུ་རུ་སོང་བ་ཞིག་ཡོད་དོ། ༢༧-༢༨ མོས་ཡེ་ཤུའི་སྐོར་དུ་ཐོས་ནས། ཁོང་གི་ན་བཟའ་ཙམ་ལ་རེག་ནའང་ང་ནད་ལས་ཐར་འོང་སྙམ་ནས། མི་ཚོགས་ཀྱི་དཀྱིལ་དུ། སྐུ་རྒྱབ་ནས་འོངས་ཏེ། མོས་ན་བཟའ་ལ་རེག་མ་ཐག་ཏུ། ༢༩ མོའི་ཁྲག་ཆད་དེ། མོ་རང་ནད་ལས་ཐར་བར་ཤེས་སོ། ༣༠ ཡེ་ཤུས་ཉིད་ཀྱི་ནང་ནས་མཐུ་སྟོབས་ཤིག་ཐོན་པ་མཁྱེན་ནས། མི་ཚོགས་ནང་ཞལ་བསྒྱུར་ཏེ། ངའི་གོས་ལ་སུས་རེག་པ་ཡིན་གསུངས། ༣༡ ཉེ་གནས་རྣམས་ཀྱིས། མི་ཚོགས་ཀྱིས་རུབ་པ་གཟིགས་བཞིན་དུ། ང་ལ་སུས་རེག་པ་ཡིན་འདྲི་བར་མཛད་དོ་ཞུས་སོ། ༣༢ སུས་དེ་ལྟར་བྱས་པ་གཟིགས་ཕྱིར་ཕྱོགས་ཀུན་ཏུ་གཟིགས་སོ། ༣༣ བུད་མེད་དེས་རང་ལ་ཅི་བྱུང་བ་ཤེས་པས། འཇིགས་པས་འདར་ཞིང་འོངས་ནས། སྐུ་དྲུང་དུ་ལུས་ས་ལ་བརྡབས་ཏེ། ཐམས་ཅད་དྲང་པོར་ཞུས་སོ། ༣༤ ཁོང་གིས་དེ་ལ། བུ་མོ། ཁྱོད་ཀྱི་དད་པས་ཁྱོད་ཐར་བ་ཡིན། ཞི་བདེ་བར་སོང་། ཁྱོད་ནད་འདི་ལས་ཐར་བར་ཤོག་ཅིག་གསུངས་སོ༎
༣༥ གསུང་འཕྲོ་མ་ཟིན་པར། འདུ་ཁང་གི་དབུ་མཛད་ཀྱི་གཡོག་པོ་འགའ་ཤས་འོངས་ནས། ཁྱོད་ཀྱི་བུ་མོ་ཤི་བས། ད་སྟོན་པ་ལ་འོ་བརྒྱལ་ཅི་ལ་ཞུ། ༣༦ ཞེས་ཟེར་བ་ཡེ་ཤུས་གསན་ཀྱང་། དབུ་མཛད་ལ། མ་འཇིགས་པར་དད་པ་རང་བྱོས་ཤིག་གསུངས་སོ། ༣༧ པེ་ཏྲོ་དང་། ཡ་ཀོབ་དང་། ཡ་ཀོབ་ཀྱི་ནུ་བོ་ཡོ་ཧ་ནན་དང་གསུམ་མ་གཏོགས་པར། སུའང་ཁོང་མཉམ་འོང་དུ་མ་གནང་ངོ་། ༣༨ དབུ་མཛད་ཀྱི་ཁང་པར་ཕེབས་པ་དང་། ཅ་ཅོ་དང་། ངུ་བ་དང་། མྱ་ངན་བྱེད་པ་གཟིགས་ནས། ༣༩ ནང་དུ་ཕེབས་ཏེ། ཁྱོད་ཚོ་ངུ་ཞིང་ཅ་ཅོ་ཅི་ལ་བྱེད། ཕྲུ་གུ་མ་ཤི་བར་ཉལ་ལོ་གསུངས་སོ། ༤༠ དེ་རྣམས་ཀྱིས་ཁོང་ལ་ཁྲེལ་དགོད་བཏང་ངོ་། ཁོང་གིས་ཐམས་ཅད་བཏོན་ནས། ཕྲུ་གུའི་ཕ་མ་དང་ཉིད་དང་མཉམ་དུ་ཡོད་པ་རྣམས་ཁྲིད་ནས། ཕྲུ་གུ་ཉལ་སར་ཕེབས་ཏེ། ༤༡ ཕྲུ་གུའི་ལག་པ་ནས་བཟུང་སྟེ། ཏ་ལི་ཐ་ཀུ་མི། བོད་སྐད་དུ། བུ་མོ་ཆུང་ངུ་། ངས་ཁྱོད་ལ་ལོངས་ཤིག་ཟེར། ཞེས་བཀའ་སྩལ་ཏོ། ༤༢ བུ་མོ་དེ་ལོ་བཅུ་གཉིས་ལོན་ཡོད་པས་ལངས་ནས་འགྲུལ་ཏོ། དེ་མཐོང་མ་ཐག་དེ་དག་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། ༤༣ ཡེ་ཤུས་འདི་སུས་ཀྱང་མི་ཤེས་པའི་ཕྱིར་ནན་གྱིས་བསྐུལ་ཏེ། བུ་མོ་ལ་ཁ་ཟས་ཐོང་ཞིག་གསུངས་སོ༎