ཁོང་གིས་མཚོའི་འགྲམ་ལ་སླར་ཆོས་སྟོན་ཞིང་མི་ཚོགས་མང་པོ་འཛོམས་པས། ཁོང་གྲུའི་ནང་ཞུགས་ནས། མཚོའི་ཐོག་ཏུ་བཞུགས་པ་ལས། མི་ཚོགས་མཚོ་འགྲམ་དུ་སྐམ་སར་བསྡད་དོ།  དཔེའི་སྒོ་ནས་གདམས་ངག་མང་པོ་སྟོན་ཞིང་། ཞལ་གདམས་མཛད་ནས་དེ་རྣམས་ལ།  ཉོན་ཅིག་ཞིང་པ་ཕྱིར་ཐོན་ཏེ།  ས་བོན་འདེབས་ཙ་ན། ཁ་ཅིག་ལམ་ཁར་འགྲིལ་ཏེ་བྱ་འོངས་ནས་ཟོས་སོ།  ཁ་ཅིག་ས་མང་པོ་མེད་པའི་རྡོ་གསེབ་ཏུ་འགྲིལ་ཏེ། ས་དཔངས་མེད་སྟབས་ཀྱིས་སྐྱེས་ཀྱང་།  ཉི་མ་ཤར་བ་དང་ཚིག་སྟེ། རྩ་བ་ཚུགས་མེད་པས་སྐམས་སོ།  ཁ་ཅིག་ཚེར་གསེབ་ཏུ་འགྲིལ་ཏེ། ཚེར་མ་སྐྱེས་ནས་མནན་ཏེ། འབྲུ་མ་ཆགས་སོ།  ཁ་ཅིག་ས་བཟང་པའི་ནང་དུ་འགྲིལ་ཏེ། སྐྱེས་ཏེ། ཆེར་སོང་ནས་འབྲུ་ཆགས་ཏེ། གཅིག་ལ་སུམ་ཅུ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་བརྒྱ་འགྱུར་ཐོན་ཏོ།  ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་གསུངས་སོ༎
༡༠ ཁོང་གཅིག་པུར་བཞུགས་པའི་ཚེ། འཁོར་རྣམས་དང་བཅུ་གཉིས་པོས་དཔེ་རྣམས་ཀྱི་དོན་བཀའ་འདྲི་ཞུས་པ་དང་། ༡༡ ཁོང་གིས། དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་རྟོགས་པ་ཁྱེད་ལ་གནང་ཡོད་ཀྱང་། ཕྱི་པ་རྣམས་ལ་ཐམས་ཅད་དཔེའི་སྒོ་ནས་འབྱུང་བས།
༡༢ སེམས་ཀྱང་མི་འགྱུར་སྡིག་པའང་མི་སེལ་ཕྱིར༎
ལྟ་བར་བྱེད་ཀྱང་དེ་ཚོས་མི་མཐོང་ཞིང་༎
ཐོས་པར་བྱེད་ཀྱང་རྟོགས་པར་མི་བྱེད་དོ༎
༡༣ ཁྱེད་ཀྱིས་དཔེ་འདི་མ་གོ་ན། དཔེ་གཞན་ཐམས་ཅད་ཅི་ལྟར་གོ། ༡༤ ས་བོན་འདེབ་མཁན་གྱིས་བཀའ་འདེབས་སོ། ༡༥ ལམ་ཁར་བཏབ་པ་རྣམས་ནི། བཀའ་ཐོས་པ་ཙམ་གྱིས་བདུད་འོང་སྟེ། དེ་རྣམས་ཀྱི་སྙིང་ནང་བཏབ་པའི་བཀའ་དེ་འཕྲོག་གོ། ༡༦ དེ་བཞིན་དུ་རྡོ་གསེབ་ཏུ་བཏབ་པ་རྣམས་ནི། བཀའ་ཐོས་པ་ཙམ་གྱིས་དགའ་ཞིང་བླང་སྟེ། ༡༧ རང་གི་ནང་རྩ་བ་མེད་པས། མི་རྟག་སྟེ། བཀའ་དེའི་དོན་དུ་སྡུག་བསྔལ་ལམ་གནོད་འཚེ་འབྱུང་བ་དང་དད་པ་ལོག་གོ། ༡༨ ཚེར་གསེབ་ཏུ་བཏབ་པ་རྣམས་ནི། བཀའ་ཐོས་ནས། ༡༩ འཇིག་རྟེན་གྱི་སེམས་ཁྲལ་དང་ནོར་གྱི་སླུ་འཁྲིད་དང་། སྲེད་པ་སྣ་ཚོགས་སྙིང་ནང་ཞུགས་ནས། བཀའ་དེ་མནན་དེ་འབྲས་བུ་མེད་པར་འགྱུར། ༢༠ ས་བཟང་པོའི་ནང་བཏབ་པ་རྣམས་ནི། བཀའ་ཐོས་ནས་བླང་སྟེ། འབྲས་བུ་ཆགས་ཏེ། གཅིག་ལ་སུམ་ཅུ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་བརྒྱ་འགྱུར་ཐོན་ནོ་གསུངས་སོ༎
༢༡ ཁོང་གིས་དེ་རྣམས་ལ། མར་མེ་ནི་འབོ་འམ་མལ་ཁྲིའི་འོག་ཏུ་འཇོག་པའི་ཕྱིར་འཁྱེར་རམ། སྟེགས་ཁར་འཇོག་པའི་ཕྱིར་མི་འཁྱེར་རམ། ༢༢ མངོན་པར་འགྱུར་བའི་དོན་དུ་མ་གཏོགས་པར་ཅི་འང་སྦེད་ནས་མེད། མངོན་དུ་འབྱུང་བའི་དོན་དུ་མ་གཏོགས་པར་གསང་བ་ཅིའང་མེད། ༢༣ ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་གསུངས་སོ། ༢༤ ཇི་ལྟར་ཉན་པར་ལྟོས། ཁྱེད་ཀྱིས་ཚད་གང་གི་གཤོར་ན་དེ་རང་གིས་ཁྱེད་ལ་གཤོར་བ་མ་ཟད་སྣོན་པར་འགྱུར། ༢༥ ཅིའི་ཕྱིར་ཞེ་ན། ཡོད་མཁན་ལ་སྣོན་པར་འགྱུར་གྱིས། མེད་མཁན་ལས་ཅི་ཡོད་པའང་འཁྱེར་བར་འགྱུར་གསུངས་སོ༎
༢༦ དཀོན་མཆོག་གི་རྒྱལ་སྲིད་ནི། མི་ཞིག་གིས་ས་ལ་ས་བོན་བཏབ་པ་དང་འདྲ་སྟེ། ༢༧ མི་དེ་ཉལ་ཡང་། ལང་ཡང་། མི་ཤེས་པར་ཉིན་མཚན་མེད་པར་ས་བོན་རྡོལ་ཞིང་ཆེར་སྐྱེའོ། ༢༨ ས་གཞིས་རང་བཞིན་གྱིས་འབྲས་བུ་སྐྱེད་ཅིང་། དང་པོ་ལྗང་པ། དེ་ནས་སྙེ་མ། དེའི་རྗེས་སུ་སྙེ་མའི་ནང་འབྲུས་གང་བ་འབྱུང་ངོ་། ༢༩ འབྲུ་སྨིན་པ་དང་། བཙས་མ་རན་པས། མགྱོགས་པར་ཟོར་བ་རྒྱབ་བོ་གསུངས་སོ༎
༣༠ དཀོན་མཆོག་གི་རྒྱལ་སྲིད་ནི། ཅི་དང་སྡུར་བར་བྱ། དཔེ་གང་གིས་བརྗོད་པར་བྱ། ༣༡ ཡུངས་འབྲུ་དང་འདྲའོ། དེ་ནི་ས་ལ་འདེབས་དུས་སུ། ས་གཞིའི་ས་བོན་ཐམས་ཅད་ལས་ཆུང་ཡང་། ༣༢ བཏབ་ནས་བརྡོལ་ཏེ། སྔོ་ཚོད་ཀུན་ལས་ཆེ་བར་འགྱུར་ཞིང་། གནམ་གྱི་བྱ་རྣམས་ཀྱང་བསིལ་གྲིབ་ལ་སྡོད་ཐུབ་པའི་ཡལ་ག་ཆེན་པོ་སྐྱེད་དོ་གསུངས་སོ༎
༣༣ དེ་ལྟ་བུའི་དཔེ་མང་པོའི་སྒོ་ནས། དེ་རྣམས་ཀྱི་གོ་ཚོད་དང་བསྟུན་ཏེ་བཀའ་ཆོས་གསུངས་ནས། ༣༤ དཔེ་མེད་པར་ཅིའང་མ་གསུངས་ཀྱང་། ཉིད་ཀྱི་ཉེ་གནས་རྣམས་ལ་ཟུར་དུ་ཐམས་ཅད་བཀྲོལ་ཏོ༎
༣༥ ཞག་དེ་ཀར་སྲོད་ལ་ཁོང་གིས། ང་ཚོ་མཚོའི་ཕ་རོལ་དུ་འགྲོའོ་ཞེས་གསུངས་པས། ༣༦ མི་ཚོགས་བཏང་སྟེ། ཁོང་གྲུའི་ནང་བཞུགས་ཡོད་པས་གདན་ཞུས་སོ། ཁོང་མཉམ་གྲུ་གཞན་ཡང་ཡོད་པ་ཡིན། ༣༧ རླུང་ཚུབ་ཆེན་པོ་ལངས་ཏེ། ཆུས་གྲུ་གང་བ་ཙམ་དུ་རྦ་རླབས་བརྒྱབ་བོ། ༣༨ ཁོང་ནི་གྲུའི་མཇུག་ལ་སྙེས་འབོལ་ཁར་གཟིམས་ཡོད་པས། དེ་དག་གིས་མནལ་སད་དེ། སྟོན་པ་ལགས། ང་ཚོ་འཆིའོ་ཁྱེད་ཐུགས་སྣང་མི་མཛད་དམ་ཞུས་པ་དང་། ༣༩ མནལ་སད་དེ་རླུང་ལ་བཀའ་བཀྱོན་མཛད་ནས་མཚོ་ལ། ཁ་རོག་སྡོད་ཅིག ཞི་བར་གྱུར་ཅིག ཅེས་བཀའ་སྩལ་པ་དང་། རླུང་ཆད་དེ་ཡོངས་སུ་ཞི་བར་གྱུར་ཏོ། ༤༠ དེ་རྣམས་ལ། ཅི་ལ་འཇིགས། དད་ད་བར་སེམས་དང་མ་ལྡན་ནམ་གསུངས་སོ། ༤༡ དེ་རྣམས་ཤིན་ཏུ་འཇིགས་ནས་གཅིག་གིས་གཅིག་ལ། འདི་ནི་སུ་ཡིན། རླུང་དང་མཚོས་ཀྱང་ཁོང་གི་བཀའ་ལ་ཉན་ནོ། ཞེས་སྨྲས་སོ༎