༣
སླར་འདུ་ཁང་དུ་ཕེབས་ནས། དེར་ལག་པ་བསྐམས་པའི་མི་ཞིག་ཡོད་པས། ༢ མི་རྣམས་ཀྱིས་སྙད་འཛུག་པའི་ཕྱིར། ཁོང་གིས་ཤབ་བཱད་ཀྱི་ཞག་ལ་ནད་གསོ་འམ་མི་གསོ་བལྟས་སོ། ༣ ཁོང་གིས་ལག་པ་བསྐམས་པའི་མི་དེ་ལ། དཀྱིལ་དུ་ལོངས་གསུངས་ནས། ༤ དེ་རྣམས་ལ། ཤབ་བཱད་ཀྱི་ཞག་ལ་བཟང་པོ་བྱེད་ཆོག་གམ་ངན་པ་བྱེད་ཆོག སྲོག་སྐྱོབ་ཆོག་གམ་གཅོད་ཆོག་ཅེས་གསུངས་ཀྱང་། དེ་རྣམས་ཁ་རོག་བསྡད་དོ། ༥ ཁོང་ལ་འཁོར་ཡོད་པ་ཐམས་ཅད་ལ་ཁྲོ་བས་གཟིགས་ཏེ། དེ་རྣམས་ཀྱི་སྙིང་མཁྲེགས་པོ་ལ་ཐུགས་ཚེར་ནས། མི་དེ་ལ། ལག་པ་རྐྱོང་གསུངས་པས། བརྐྱངས་ཏེ་ཕན་ཏོ། ༦ ཕ་རུ་ཤི་པ་རྣམས་དེ་མ་ཐག་ཐོན་ནས། ཧེ་རོ་དཱེའི་ཕྱོགས་པ་རྣམས་དང་མཉམ་དུ། ཁོང་ཇི་ལྟར་གསོད་པའི་གྲོས་བྱས་སོ༎༧ ཡེ་ཤུ་ཉེ་གནས་རྣམས་དང་མཉམ་དུ་མཚོའི་ཕྱོགས་སུ་ཕེབས། ༨ ཁོང་གི་མཛད་པའི་གྲགས་པ་ཐོས་ནས། ག་ལིལ་དང་། ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་དང་། ཨི་དུམ་ཡཱ་དང་། ཡོར་དན་གྱི་ཕར་ཁ་དང་། ཚོར་དང་། ཚི་དོན་ནས་མི་ཚོགས་ཆེན་པོ་ཁོང་གི་སྐུ་དྲུང་དུ་འོངས་སོ། ༩ ཁོང་གིས་ཉེ་གནས་རྣམས་ལ། མི་ཚོགས་ཀྱིས་ང་མི་བཙིར་བའི་ཕྱིར། གྲུ་ཆུང་ཞིག་གི་གྲལ་བྱོས་གསུངས་སོ། ༡༠ ཅིའི་ཕྱིར་ཞེ་ན། མི་མང་པོའི་ནད་གསོས་པས། ནད་པ་ཐམས་ཅད་ཀྱིས་ཁོང་ལ་རེག་པའི་ཕྱིར་འཚངས་སོ། ༡༡ འགོང་པོ་རྣམས་ཀྱིས་ཁོང་མཇལ་བ་ཙམ་གྱིས། ལུས་ས་ལ་བརྡབས་ཏེ། སྐད་ཆེན་པོས། ཁྱེད་ནི་དཀོན་མཆོག་གི་སྲས་དེ་ལགས་སོ་ཞུས་པས། ༡༢ ཁོང་མངོན་པར་མི་བྱེད་ཕྱིར་དེ་རྣམས་ལ་ནན་གྱིས་བསྐུལ་ཏོ༎
༡༣ རི་ལ་ཕེབས་ཏེ། ཐུགས་མཉེས་པ་རྣམས་དྲུང་དུ་བོས་ནས། དེ་རྣམས་སྐུ་དྲུང་དུ་འོངས་པ་ལས། ༡༤-༡༥ ཁོང་དང་ཉེ་བར་གནས་པ་དང་། འགོང་པོ་སྐྲོད་པའི་དབང་དང་ཆོས་འཆད་པ་ལ་གཏོང་བའི་ཕྱིར་བཅུ་གཉིས་པོ་བསྐོས་སོ། ༡༦ ཁོང་གིས་པེ་ཏྲོ་བཏགས་པའི་ཤི་མོན་དང་། ༡༧ ཟེ་བད་ཡཱའི་བུ་གཉིས་བོ་ཨ་ནེར་གེ་འམ་འབྲུག་གི་བུར་བཏགས་ཡོད་པའི་ཡ་ཀོབ་དང་ནུ་བོ་ཡོ་ཧ་ནན་དང་། ༡༨ ཨན་དྲེ་ཨ་དང་། ཕི་ལིབ་དང་། བར་ཐོལ་མཱ་དང་། མད་ཐཱ་དང་། ཐོ་མཱ་དང་། ཨལ་ཕཱའི་བུ་ཡ་ཀོབ་དང་། ཐད་དཱ་དང་། བརྩོན་འགྲུས་པ་བྱ་བའི་ཤི་མོན་དང་། ༡༩ ཁོང་དགྲ་ལ་བཏད་པའི་ཀར་ཡོད་པ་ཡུ་དཱ་དང་བཅུ་གཉིས་སོ༎
༢༠ ཁྱིམ་དུ་ཕེབས་པ་དང་། སླར་མི་ཚོགས་འདུས་སྟབས་ཀྱིས། ཁོང་རྣམས་གསོལ་བའང་བཞེས་མ་བཏུབ། ༢༡ ཁོང་གི་སྐུ་གཉེན་རྣམས་ཀྱིས་དེ་ཐོས་ནས། ཁོང་སྨྱོའོ་ཟེར་ཏེ། ཁོང་འཛིན་དུ་འོངས་སོ། ༢༢ ཡེ་རུ་ཤ་ལེམ་ནས་འོངས་པའི་མཁན་པོ་རྣམས་ཀྱིས། ཁོང་ནང་ལྷ་བ་ཨཱལ་ཟེ་བུལ་ཞུགས་ཡོད་པས། འགོང་པོའི་རྒྱལ་པོའི་མཐུས་འགོང་པོ་སྐྲོད་དོ་སྨྲས་པ་དང་། ༢༣ ཁོང་གིས་དེ་རྣམས་བོས་ནས་དཔེའི་སྒོ་ནས་གསུངས་པ། བདུད་ཀྱིས་བདུད་ཅི་ལྟར་སྐྲོད་པར་ནུས། ༢༤ རྒྱལ་ཁམས་ཤིག་གི་ནང་མི་མཐུན་པ་འབྱུང་ན། རྒྱལ་ཁམས་དེ་གནས་མི་ཐུབ། ༢༥ ཁང་པ་ཞིག་གི་ནང་མི་མཐུན་པ་འབྱུང་ན། ཁང་པ་དེ་གནས་མི་ཐུབ། ༢༦ བདུད་རང་གི་དགྲར་ལངས་ཏེ་མི་མཐུན་པར་བྱེད་ན། ཁོ་གནས་མི་ཐུབ་སྟེ་མེད་པར་འགྱུར་རོ། ༢༧ སྟོབས་ཆེན་ཞིག་སྔོན་ལ་བཅིངས་ནས་མ་གཏོགས། དེའི་ཁང་པར་ཞུགས་ནས་དེའི་ཡོ་བྱད་འཕྲོག་མི་ནུས། དེ་བཅིངས་ནས་འཕྲོག་ཐུབ་བོ། ༢༨ མིའི་སྡིག་པ་ཐམས་ཅད་དང་སྐུར་པ་ཅི་ཙམ་འདེབས་ཀྱང་སེལ་བར་འགྱུར་གྱི། ༢༩ དམ་པའི་ཐུགས་ཉིད་ལ་སྐུར་པ་འདེབས་པ་ནམ་ཡང་མི་སེལ། རྒྱུན་ཆད་མེད་པར་ཆད་པ་འཕོག་འོས་པའི་སྡིག་པ་ཡིན་ངས་ཟེར་གསུངས་སོ། ༣༠ ཁོང་ནང་འདྲེ་ཞུགས་སོ་ཞེས་སྨྲས་པས་དེ་ལྟར་གསུངས་སོ༎
༣༡ ཁོང་གི་ཡུམ་དང་སྐུ་མཆེད་རྣམས་བསླེབས་ནས། ཕྱི་རོལ་དུ་བཞེངས་ནས་ཁོང་ལ་ཕེབས་ཞུས་སོ། ༣༢ ཁོང་ལ་འཁོར་ནས་བསྡད་ཡོད་པའི་མི་ཚོགས་ཀྱིས་ཁོང་ལ། ཁྱེད་ཀྱི་ཡུམ་དང་སྐུ་མཆེད་རྣམས་ཁྱེད་འཚོལ་ཞིང་ཕྱི་རོལ་ན་ཡོད་དོ་ཞུས་པས། ༣༣ བཀའ་ལན་དུ། ངའི་མ་དང་སྤུན་རྣམས་སུ་ཡིན་གསུངས་ནས། ༣༤ ཁོང་ལ་འཁོར་ནས་བསྡད་ཡོད་པ་རྣམས་ལ་གཟིགས་ཤིང་། ངའི་མ་དང་སྤུན་རྣམས་འདིའོ། ༣༥ དཀོན་མཆོག་གི་ཐུགས་དགོངས་སྒྲུབ་པ་དེ། ངའི་སྤུན་དང་སྲིད་མོ་དང་མ་ཡིན་གསུངས་སོ༎