དུས་འགའ་ཞིག་ནས་སླར་ཀ་ཕར་ནཱ་ཧུམ་དུ་བྱོན་པའི་ཚེ། ཁྱིམ་དུ་བཞུགས་པའི་སྐད་ཆ་གྲགས་ནས།  སྒོ་རྩ་ལའང་འདུག་ས་མི་ཐོབ་པ་ཙམ་དུ་མི་མང་པོ་འདུས་པས། ཆོས་བསྟན་པར་མཛད་དོ།  མི་བཞིས་ཁུར་བའི་གཟའ་ཕོག་གཅིག་ཁོང་གི་དྲུང་དུ་བསྐྱེལ་བ་ལ།  མི་ཚོགས་མང་བས་སྐུ་དྲུང་དུ་མ་ཐར་བར་བཞུགས་སའི་ཐོག་བཤུས་ཏེ། བརྟོལ་ནས། ཉལ་ཁྲི་དང་གཟའ་ཕོག་མར་ཕབ་བོ།  དེ་རྣམས་ཀྱི་ཡིད་ཆེས་ལ་གཟིགས་ནས་ཡེ་ཤུས་གཟའ་ཕོག་ལ། བུ། ཁྱོད་ཀྱི་སྡིག་པ་སེལ་ཟིན་གསུངས།  དེར་ཡོད་པའི་མཁན་པོ་ཁ་ཅིག་གིས།  མི་འདིས་འདི་ལྟར་ཅི་ལ་སྨྲ། ཁོས་སྐུར་པ་འདེབས་སོ། དཀོན་མཆོག་གཅིག་པོས་མ་གཏོགས་སྡིག་པ་སུས་སེལ་ཐུབ་ཅེས་བསམས་པ་དང་།  ཡེ་ཤུས་དེ་རྣམས་ཀྱིས་དེ་ལྟར་བསམ་པ་མཁྱེན་ནས། ཁྱེད་ཀྱི་སྙིང་ནང་འདི་ལྟར་ཅི་ལ་སེམས།  གཟའ་ཕོག་འདི་ལ། ཁྱོད་ཀྱི་སྡིག་པ་སེལ་ཟིན་ཟེར་བ་སླའམ། ལངས་ཏེ་ཁྱོད་ཀྱི་ཉལ་ཁྲི་ཁུར་ནས་འགྲུལ་ཟེར་བ་སླ། ༡༠ འོན་ཀྱང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་བའི་དབང་ཡོད་པ་ཁྱོད་ཅག་གིས་ཤེས་པའི་ཕྱིར། ཞེས་གསུངས་ནས་གཟའ་ཕོག་དེ་ལ། ༡༡ ངས་ཁྱོད་ལ་ཟེར། ལོངས་ལ་ཉལ་ཁྲི་ཁུར་ནས་ཁྱིམ་དུ་སོང་ཞེས་གསུངས་སོ། ༡༢ ཁོ་ལངས་ནས་ཉལ་ཁྲི་ཁུར་ཏེ། མི་ཚོགས་ཀྱི་མཐོང་སར་སོང་བས། ཐམས་ཅད་ངོ་མཚར་དུ་གྱུར་ཏེ། དཀོན་མཆོག་ལ་བསྟོད་ཅིང་། ང་ཚོས་འདི་འདྲ་ནམ་ཡང་མ་མཐོང་སྨྲས་སོ༎
༡༣ ཁོང་སླར་མཚོ་འགྲམ་ལ་ཕེབས་པ་དང་། མི་ཚོགས་ཧྲིལ་པོ་སྐུ་དྲུང་དུ་འོངས་པ་ལ། ཆོས་བསྟན་པར་མཛད་དོ། ༡༤ ལམ་ན་ཨལ་ཕཱའི་བུ་ལེ་ཝི་བྱ་བ་ཤོ་གམ་ལེན་སར་བསྡད་ཡོད་པ་གཟིགས་ནས་དེ་ལ། ངའི་རྗེས་སུ་འབྲོང་གསུངས་པ་དང་། ཁོ་ལངས་ནས་ཞབས་རྗེས་ལ་འབྲངས་སོ། ༡༥ ཁོའི་ཁྱིམ་དུ་གསོལ་བ་བཞེས་པའི་ཚེ། མི་མང་པོ་ཡོད་པས། ཡེ་ཤུ་དང་ཉེ་གནས་རྣམས་མཉམ་དུ་ཤོ་གམ་པ་དང་སྡིག་ཅན་མང་པོས་ཀྱང་ཟོས་སོ། ༡༦ མཉམ་དུ་འོངས་པའི་ཕ་རུ་ཤི་པའི་མཁན་པོ་རྣམས་ཀྱིས། སྡིག་ཅན་དང་ཤོ་གམ་པ་མཉམ་དུ་གསོལ་བ་བཞེས་པ་མཐོང་ནས། ཉེ་གནས་རྣམས་ལ། ཁོང་ནི་ཤོ་གམ་པ་དང་སྡིག་ཅན་མཉམ་ཟ་ཞིང་འཐུང་ངོ་ཟེར་ཏོ། ༡༧ ཡེ་ཤུས་དེ་གསན་ནས་དེ་རྣམས་ལ། ཨམ་ཆི་ནི་ཁམས་བཟང་ལ་མི་དགོས་ཀྱི་ནད་པ་ལ་དགོས་སོ། ང་ནི་སྡིག་མེད་རྣམས་འབོད་དུ་མ་འོངས་ཀྱི། སྡིག་ཅན་རྣམས་འབོད་དུ་འོངས་པ་ཡིན་གསུངས་སོ༎
༡༨ ཡོ་ཧ་ནན་གྱི་སློབ་མ་དང་ཕ་རུ་ཤི་པ་རྣམས་སྨྱུང་བར་གནས་པའི་ཚེ། མི་རེ་འོངས་ནས་ཁོང་ལ། ཡོ་ཧ་ནན་གྱི་སློབ་མ་དང་། ཕ་རུ་ཤི་པའི་སློབ་མ་རྣམས་སྨྱུང་བར་གནས་ཀྱང་། ཁྱེད་ཀྱི་སློབ་མ་རྣམས་ཅིའི་ཕྱིར་སྨྱུང་བར་མི་གནས་ཞུས་པ་ལས། ༡༩ ཡེ་ཤུས། མག་པ་མཉམ་དུ་ཡོད་རིང་ལ་གྲོགས་པོ་རྣམས་སྨྱུང་བར་གནས་ཐུབ་བམ། དེ་རྣམས་མཉམ་མག་པ་ཡོད་རིང་དུ་སྨྱུང་བར་གནས་མི་ཐུབ་ཀྱང་། ༢༠ དེ་རྣམས་ལས་མག་པ་འབྲལ་བའི་དུས་ལ་འབབ་འོང་། དེ་ཉིན་དེ་རྣམས་སྨྱུང་བར་གནས་འོང་། ༢༡ སུས་ཀྱང་གོས་རྙིང་པར་ལྷན་པ་གསར་པ་མི་འདེབས། འདེབས་ན་ལྷན་པ་དེས་གོས་ཧྲལ་ཏེ་བུག་པ་ཆེ་བར་བྱེད་དོ། ༢༢ རྒུན་ཆང་གསར་པ་རྐྱལ་པ་རྙིང་པའི་ནང་དུ་མི་བླུག བླུག་ན་ཆང་གིས་རྐྱལ་པ་རལ་ཏེ། རྒུན་ཆང་དང་རྐྱལ་པ་གཉིས་པོ་བརླག་གོ། རྒུན་ཆང་གསར་པ་རྐྱལ་པ་གསར་པའི་ནང་བླུག་གོ་གསུངས་སོ༎
༢༣ ཤབ་བཱད་ཀྱི་ཞག་ལ་ཞིང་ཁ་རྒྱུད་དེ་ཕེབས་པ་ལས། ཉེ་གནས་རྣམས་ཀྱིས་ལམ་ཁར་སྲུས་འཐུས་པས། ༢༤ ཕ་རུ་ཤི་པ་རྣམས་ཀྱིས་ཁོང་ལ། གཟིགས་ཤིག ཤབ་བཱད་ཀྱི་ཞག་ལ་བྱེད་མི་ཆོག་པ་འདི་རྣམས་ཀྱིས་ཅི་ལ་བྱེད་ཞུས་པ་ལས། ༢༥ ཁོང་གིས། དཱ་བིད་ཀྱིས་ཅི་བྱས་པ་ནམ་ཡང་མ་བཀླགས་སམ། ༢༦ བླ་ཆེན་ཨབ་ཡ་ཐར་གྱི་དུས་ལ། དཱ་བིད་དང་འཁོར་རྣམས་ལྟོགས་དུས་སུ། དཀོན་མཆོག་གི་ཕོ་བྲང་དུ་ཞུགས་ཏེ། བླ་མས་མ་གཏོགས་པར་ཟ་མི་ཆོག་པའི་ཞལ་ཟས་ཟོས་ནས། འཁོར་ལའང་བྱིན་ཏོ། ༢༧ མི་ནི་ཤབ་བཱད་ཀྱི་དོན་དུ་མཛད་པ་མ་ཡིན་གྱི། ཤབ་བཱད་མིའི་དོན་དུ་མཛད་པ་ཡིན། ༢༨ མིའི་བུ་ནི་ཤབ་བཱད་ཀྱིའང་གཙོ་བོ་ཡིན་ནོ་གསུངས་སོ༎