ཕ་རུ་ཤི་པ་ནི་ཀོ་དེམ་བྱ་བ་ཡ་ཧུ་དཱ་པའི་དཔོན་པོ་ཞིག་ཡོད་དེ།  མཚན་མོ་ཡེ་ཤུ་མཇལ་དུ་འོངས་ནས། སྟོན་པ། ཁྱེད་ནི་དཀོན་མཆོག་གི་ཕྱོགས་ནས་ཕེབས་པའི་སྟོན་པ་ལགས་པར་ཤེས་སོ། ཅིའི་ཕྱིར་ཞུ་ན། ཁྱེད་ཀྱིས་སྟོན་པར་མཛད་པའི་ལྟས་འདི་རྣམས། དཀོན་མཆོག་དང་མི་ལྡན་པར་སུས་ཀྱང་སྟོན་པར་མི་ནུས་སོ། ཞེས་ཞུས་པའི་ལན་དུ་ཡེ་ཤུས།  མི་ཞིག་ཡང་སྐྱར་མ་སྐྱེ་ན། དཀོན་མཆོག་གི་རྒྱལ་སྲིད་མཐོང་བར་མི་ནུས་སོ་ཞེས་ངས་བདེན་པར་ཟེར་གསུངས་སོ།  ནི་ཀོ་དེམ་གྱིས། རྒས་པ་ཞིག་ཇི་ལྟར་སྐྱེ་བར་ནུས། མའི་མངལ་དུ་ཞུགས་ནས་ལན་གཉིས་པར་སྐྱེ་བར་ནུས་སམ་ཞུས་པས།  ཡེ་ཤུས། ཆུ་དང་ཐུགས་ཉིད་ལས་མ་སྐྱེས་པ་དེ། དཀོན་མཆོག་གི་རྒྱལ་སྲིད་ནང་འཇུག་པར་མི་འགྱུར་ཞེས་ངས་བདེན་པར་ཟེར།  ལུས་ནས་སྐྱེས་པ་ནི་ལུས་ཡིན། ཐུགས་ཉིད་ལས་སྐྱེས་པ་ནི་ཐུགས་ཉིད་ཡིན།  ངས་ཁྱེད་ལ་ཡང་སྐྱར་སྐྱེ་དགོས་སྨྲས་པ་ལ། ཡ་མཚན་མ་བྱེད་ཅིག  རླུང་གང་དགར་རྒྱུ་སྟེ། དེའི་སྐད་ཐོས་ཀྱང་། དེ་ག་ནས་འོང་ཞིང་ག་རུ་འགྲོ་བ་ཁྱེད་ཀྱིས་མི་ཤེས། ཐུགས་ཉིད་ནས་སྐྱེས་པ་ཐམས་ཅད་དེ་ལྟར་ཡིན་ནོ་གསུངས་སོ།  ནི་ཀོ་དེམ་གྱིས། དེ་ཅི་ལྟར་སྲིད་ཞུས་པར། ༡༠ ཡེ་ཤུས། ཁྱེད་ཨིས་ར་ཨེལ་གྱི་སྟོན་པ་ཡིན་གྱི། དེ་མི་ཤེས་སམ། ༡༡ ང་ཚོས་ཅི་ཤེས་པ་ཟེར་ཞིང་། ཅི་མཐོང་བ་དེའི་དཔང་པོ་བྱེད་ཀྱང་། ང་ཚོས་དཔང་བྱེད་པར་ཁྱེད་མི་ཉན་ནོ་ཞེས་ངས་བདེན་པར་ཟེར། ༡༢ ངས་སའི་གཏམ་བྱས་ཏེ་ཡིད་མི་ཆེས་ན། ནམ་མཁའི་གཏམ་བྱེད་ན་ཁྱེད་ཅི་ལྟར་ཡིད་ཆེས་པར་འགྱུར། ༡༣ ནམ་མཁའ་ནས་བབས་པའི་མིའི་བུ་མ་གཏོགས་པར། སུའང་ནམ་མཁར་མ་འཕགས་སོ། ༡༤-༡༥ མོ་ཤེས་འབྲོག་སྟོང་ནང་སྦྲུལ་དེ་སྒྲེང་བ་ལྟར། མིའི་བུ་ཁོང་ལ་དད་པ་རྣམས་ལ་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་དུ། མིའི་བུ་ཡང་སྒྲེང་དགོས་སོ༎
༡༦ ཁོང་ལ་དད་པ་བྱེད་པ་རྣམས་མི་འཆི་བར་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར། དཀོན་མཆོག་གིས་ཉིད་ཀྱི་སྲས་གཅིག་པུ་གནང་བ་ཙམ་དུ་འཇིག་རྟེན་ལ་བྱམས་པར་མཛད་དོ། ༡༧ དཀོན་མཆོག་གིས་ཉིད་ཀྱི་སྲས་འཇིག་རྟེན་གྱི་ཞལ་ཆེ་གཅད་དུ་མ་མངགས་ཀྱིས། འཇིག་རྟེན་གྱི་སྐྱབས་མཛད་དུ་མངགས་སོ། ༡༨ ཁོང་ལ་དད་པ་དེ་ལ་ཞལ་ཆེ་མི་གཅད། མི་དད་པ་ལ་དཀོན་མཆོག་གི་སྲས་གཅིག་པོའི་མཚན་ལ་མ་དད་པས། ཞལ་ཆེ་བཅད་ཟིན་ཏོ། ༡༩ འོད་འཇིག་རྟེན་དུ་བྱོན་ཀྱང་། མིའི་ལས་ངན་གྱིས། འོད་ལས་མུན་པར་ལྷག་པར་འཆགས་པ་ནི་ཆད་པ་དེ་ཡིན། ༢༠ ལས་ངན་བྱེད་པ་ཀུན་གྱིས། རང་གི་ལས་མངོན་གྱིས་དོགས་པས། འོད་ལ་སྡང་ཞིང་། འོད་ཀྱི་དྲུང་དུ་མི་འོང་ངོ་། ༢༡ བདེན་པ་སྤྱོད་པ་དེ། དཀོན་མཆོག་གི་ཞལ་ངོར་བྱས་པའི་རང་གི་ལས་མངོན་པའི་དོན་དུ། འོད་ཀྱི་དྲུང་དུ་འོང་ངོ་ཞེས་གསུངས་སོ༎
༢༢ དེའི་རྗེས་སུ་ཡེ་ཤུ་ཉེ་གནས་དང་བཅས་ཡ་ཧུ་དཱའི་ཡུལ་དུ་བྱོན་དེ། དེར་བཞུགས་ཤིང་ཁྲུས་གསོལ་ཏོ། ༢༣-༢༤ ཡོ་ཧ་ནན་ད་དུང་བཙོན་དུ་བཅུག་མེད་པས། ས་ལིམ་དང་ཉེ་བའི་ཆུ་མང་བའི་ཨེ་ནོན་བྱ་བར་ཁྲུས་གསོལ་བ་ལས། མི་རྣམས་འོངས་ནས་ཁྲུས་བླངས་སོ། ༢༥ ཡོ་ཧ་ནན་གྱི་སློབ་མ་དང་ཡ་ཧུ་དཱ་པ་ཞིག་གི་བར་ལ། གཙང་སྦྲའི་སྐོར་རྩོད་པ་བྱུང་ནས། ༢༦ དེ་རྣམས་ཡོ་ཧ་ནན་གྱི་དྲུང་དུ་འོངས་ནས། སྟོན་པ། ཁྱེད་དང་མཉམ་ཡོར་དན་གྱི་ཕ་རོལ་དུ་ཡོད་པ་ཁྱེད་ཀྱིས་དཔང་མཛད་པའི་སྐྱེས་བུ་དེས་འདིར་ཁྲུས་གསོལ་ཞིང་། ཐམས་ཅད་ཁོང་གི་དྲུང་དུ་འགྲོའོ་ཞུས་པ་དང་། ༢༧ ཡོ་ཧ་ནན་གྱིས། ནམ་མཁའ་ནས་མ་གནང་ན་ཅིའང་ལེན་མི་ནུས། ༢༨ ངས་ང་མཱ་ཤི་ཀ་མིན། ཁོང་གི་སྔོན་དུ་མངགས་པ་དེ་ཡིན་ཞེས་སྨྲས་པ་ལ། ཁྱེད་ཀྱིས་དཔང་པོ་བྱེད་དོ། ༢༩ བག་མ་འདྲེན་པ་དེ་མག་པ་ཡིན། མག་པའི་ཕྱིར་ལང་བ་དང་ཉན་པའི་གྲོགས་པོ་དེ། མག་པའི་སྐད་ཐོས་ནས་ཤིན་ཏུ་དགའོ། དེ་ལྟར་ངའི་དགའ་སྤྲོ་འདི་ཚང་ངོ་། ༣༠ ཁོང་ནི་འཕེལ་ཞིང་ང་འགྲིབ་དགོས།
༣༡ གོང་ནས་འབྱོན་པ་བླ་ན་མེད་པ་འོ། ས་ནས་ཡིན་པ་སའི་ཡིན་ས་གཏམ་ཟེར། མཁའ་ནས་འབྱོན་པ་ཁོང་ནི་བླ་མེད་དོ། ༣༢ ཁོང་གིས་གཟིགས་ཤིང་གསན་པར་དཔང་མཛད་ཀྱང་། དཔང་པོ་མཛད་པར་སུས་ཀྱང་མི་ཉན་ནོ། ༣༣ ཁོང་གི་དཔང་པོ་མཛད་པར་ཉན་མཁན་གྱིས། དཀོན་མཆོག་བདེན་པ་ཡིན་པའི་ཕྱག་རྒྱ་བཏབ། ༣༤ དཀོན་མཆོག་ཐུགས་ཉིད་ཚད་ཀྱིས་མི་གནང་བས། མངགས་པ་དེ་ཡིས་ཁོང་གི་བཀའ་སྒྲོག་གོ། ༣༥ ཡབ་ཀྱིས་སྲས་ལ་བྱམས་པ་མཛད་པས་ན། ཐམས་ཅད་ཁོང་གི་ཕྱག་ཏུ་བཏད་པ་ཡིན། ༣༦ སྲས་ལ་དད་པར་ཚེ་མཐའ་མེད་པ་ཡོད། སྲས་ལ་མི་ཉན་པ་དེས་དེ་མི་མཐོང་། དཀོན་མཆོག་ཐུགས་ཁྲོ་དེའི་ཁར་གནས་པར་འགྱུར་གསུངས་སོ༎