༤
༡-༢ ཡེ་ཤུ་ཉིད་ཀྱིས་ཁྲུས་མ་གནང་བར། ཉེ་གནས་རྣམས་ཀྱིས་ཁྲུས་གསོལ་ཀྱང་། ཡོ་ཧ་ནན་ལས་ཡེ་ཤུ་ལ་ཉེ་གནས་མང་བར་འབྲང་ཞིང་ཁྲུས་ལེན་ནོ་ཞེས་ཕ་རུ་ཤི་པས་ཐོས་པ་གཙོ་བོས་མཁྱེན་ནས། ༣ ཡ་ཧུ་དཱ་ནས་བཞེངས་ཏེ་ག་ལིལ་ལ་ལོག་ཕེབས་སོ། ༤ ས་མར་ཡཱའི་ཡུལ་རྒྱུད་ནས་ཕེབས་དགོས་པས། ༥ ས་མར་ཡཱའི་གྲོང་ཁྱེར་སི་ཀར་བྱ་བར་ཕེབས་སོ། དེ་ཡ་ཀོབ་ཀྱིས་བུ་ཡོ་སེབ་ལ་བཏང་བའི་ས་ཆ་དང་ཉེ་ཞིང་། ༦ ཡ་ཀོབ་ཀྱི་ཁྲོན་པ་དེར་ཡོད་དེ། ཡེ་ཤུ་བྱེས་ཀྱིས་སྐུ་ངལ་བས། ཁྲོན་པ་དེར་བཞུགས་སོ། དུས་དེ་ཙ་ན་ཉིན་གུང་ཡིན་ནོ༎༧-༨ ཉེ་གནས་རྣམས་གྲོང་ཁྱེར་དུ་ཁ་ཟས་ཉོ་རུ་སོང་ངོ་། ས་མར་ཡཱ་མ་ཞིག་ཆུ་ལེན་དུ་འོངས་པས། ཡེ་ཤུས། ང་ལ་ཆུ་ཞིག་མཐོང་གསུངས་སོ། ༩ ཡ་ཧུ་དཱ་པས་ས་མར་ཡཱ་པ་དང་འབྲེལ་མི་བྱེད་པས། ས་མར་ཡཱ་མ་དེས། ཁྱེད་ཡ་ཧུ་དཱ་པ་ཡིན་བཞིན་དུ། ང་ས་མར་ཡཱ་མར་ཆུ་ཐོང་གསུང་བ་དེ་ཅི་ཡིན་ཞུས་སོ། ༡༠ ཡེ་ཤུས་བཀའ་ལན་དུ། གལ་ཏེ་ཁྱོད་ཀྱིས་དཀོན་མཆོག་གི་གནང་སྦྱིན་དང་། ཆུ་ཐོང་ཟེར་མཁན་དེ་སུ་ཡིན་པ་ཤེས་པ་ཡིན་ན། ཁྱོད་ཀྱིས་དེ་ལ་ཆུ་གནོང་ཞུས་ཏེ། དེས་གསོན་པོའི་ཆུ་གནང་བ་ཡིན་གསུངས་སོ། ༡༡ བུད་མེད་དེས། ཇོ་བོ། ཆུ་དོང་གཏིང་ཟབ་སྟེ། ཁྱེད་ལ་ཆུ་བཅུ་རྒྱུ་མི་འདུག་པས། གསོན་པོའི་ཆུ་གང་ནས་འཆུ། ༡༢ ང་ཚོའི་མེས་པོ་ཡ་ཀོབ་ཀྱིས། ཁོང་རང་དང་བུ་དང་དུད་འགྲོ་བཅས་ཆུ་དོང་འདི་ལས་འཐུངས་ནས། ང་ཚོར་གནང་བ་ཡིན། ཁོང་ལས་ཁྱེད་ཆེ་འམ་ཞུས་སོ། ༡༣ ཡེ་ཤུས། ཆུ་འདི་ལས་འཐུང་བ་དེ་སླར་སྐོམ་པར་འགྱུར། ༡༤ ངས་སྟེར་བའི་ཆུ་འཐུང་བ་དེ། ནམ་ཡང་མི་སྐོམ་ཞིང་། ངས་གཏང་བའི་ཆུ་ཁོའི་ནང་དུ་ཆུ་མིག་ཏུ་འགྱུར་ནས་ཚེ་མཐའ་མེད་པའི་བར་དུ་རྒྱུག་འོང་གསུངས་སོ། ༡༥ བུད་མེད་དེས། ཇོ་བོ། ང་མི་སྐོམ་པ་དང་། འདི་རུ་འོང་མི་དགོས་པའི་ཕྱིར། ཆུ་དེ་ང་ལ་གནོང་ཞིག་ཞུས་སོ། ༡༦ ཡེ་ཤུས། སོང་ལ་ཁྱེད་ཀྱི་ཁྱོ་འཁྲིད་ནས་ཤོག་གསུངས་པའི་ལན་དུ། ༡༧ ང་ལ་ཁྱོ་མེད་ཞུས་སོ། ཡེ་ཤུས། ཁྱོ་མེད་ཟེར་བ་དེ་བདེན་ནོ། ༡༨ ཁྱོད་ཀྱིས་ཁྱོ་ལྔ་བྱས་པ་ཡིན། ད་ལྟ་ཡོད་པ་དེ་ཁྱོད་ཀྱི་ཁྱོ་མིན་པས། དེ་ཁྱོད་ཀྱིས་བདེན་པར་སྨྲས་གསུངས་སོ། ༡༩ མོས། ཇོ་བོ། ཁྱེད་ལུང་སྟོན་པ་ཞིག་ཡིན་པར་མཐོང་ངོ་། ༢༠ ང་ཚོའི་མེས་པོས་རི་འདིའི་ཁར་བསྙེན་བཀུར་བྱས་པ་ཡིན། ཁྱེད་ཡ་ཧུ་དཱ་པས་ཡེ་རུ་ཤ་ལེམ་དུ་བསྙེན་བཀུར་བྱེད་དགོས་ཟེར་རོ་ཞུས། ༢༡ ཡེ་ཤུས། ང་ལ་ཡིད་ཆེས་ཤིག རི་འདི་དང་ཡེ་རུ་ཤ་ལེམ་གཉིས་ལ་ཡབ་ལ་བསྙེན་བཀུར་མི་ཞུ་བའི་དུས་ལ་འབབས་སོ། ༢༢ ཐར་པ་ཡ་ཧུ་དཱ་པ་ལས་འབྱུང་བས། ཁྱེད་ཀྱིས་རྒྱུས་མེད་དེ་ལ་བསྙེན་བཀུར་བྱེད། ང་ཚོས་རྒྱུས་ཡོད་དེ་ལ་བསྙེན་བཀུར་བྱེད་དོ། ༢༣ བདེན་པར་བསྙེན་བཀུར་བྱེད་པ་རྣམས་ཀྱིས། ཡབ་ལ་ཐུགས་ཉིད་དང་བདེན་པའི་སྒོ་ནས་བསྙེན་བཀུར་ཞུ་བའི་དུས་ཚོད་འབབ་འོང་བ་མ་ཟད་རན་ཏོ། ཡབ་ནི་དེ་འདྲའི་བསྙེན་བཀུར་ཞུ་མཁན་ལ་མཉེས་སོ། ༢༤ དཀོན་མཆོག་ཐུགས་ཉིད་ལགས་པས། བསྙེན་བཀུར་ཞུ་བ་རྣམས་ཀྱིས། ཐུགས་ཉིད་དང་བདེན་པའི་སྒོ་ནས་བསྙེན་བཀུར་ཞུ་བ་གལ་ཆེའོ་གསུངས་སོ། ༢༥ མོས། མཱ་ཤི་ཀ་འབྱོན་པ་དང་ང་ཚོར་ཐམས་ཅད་གསུང་བར་འགྱུར་བ་ངས་ཤེས་སོ་ཞུས་པས། ༢༦ ཡེ་ཤུས། དེ་ནི་ཁྱེད་དང་གླེང་བ་ང་རང་ཡིན་གསུངས་སོ༎
༢༧ དེའི་མོད་ལ་ཉེ་གནས་རྣམས་བསླེབས་ནས། བུད་མེད་ཅིག་དང་མཉམ་དུ་གསུང་གླེང་མཛད་པ་མཐོང་ནས། ངོ་མཚར་དུ་གྱུར་ཀྱང་། ཅི་དགོངས་སམ། མོ་མཉམ་ཅིའི་ཕྱིར་གསུང་གླེང་མཛད་ཅེས་སུས་ཀྱང་མ་ཞུས་སོ། ༢༨ མོས་ཆུ་སྣོད་དེར་བཞག་སྟེ་གྲོང་ཁྱེར་དུ་སོང་ནས་མི་ཚོར། ༢༩ ཤོག་ལ་ངས་བྱས་པ་ཐམས་ཅད་བཤད་བྱུང་བའི་སྐྱེས་བུ་ལ་ལྟོས་ཤིག མཱ་ཤི་ཀ་དེ་མིན་ནམ་སྨྲས་སོ། ༣༠ དེ་ཚོ་གྲོང་ཁྱེར་ནས་བྱུང་སྟེ། ཁོང་གི་དྲུང་དུ་འོངས་སོ༎
༣༡ དེའི་རིང་ལ་ཉེ་གནས་རྣམས་ཀྱིས། སྟོན་པ། གསོལ་བ་བཞེས་ཤིག་ཞུས་ཀྱང་། ༣༢ ཁོང་གིས། ཁྱེད་ཀྱིས་མི་ཤེས་པའི་ཁ་ཟས་ང་ལ་ཟ་རྒྱུ་ཡོད་གསུངས་པས། ༣༣ ཉེ་གནས་རྣམས་ཀྱིས། སུ་ཞིག་གིས་གསོལ་བ་ཕུལ་ཏམ་ཞེས་ཕན་ཚུན་ཟེར་བ་དང་། ༣༤ ཡེ་ཤུས། ང་མངགས་མཁན་གྱི་ཐུགས་དགོངས་བཞིན་དུ་བྱེད་པ་དང་། ཁོང་གི་ཕྲིན་ལས་སྒྲུབ་པ་ནི། ངའི་ཁ་ཟས་ཡིན། ༣༥ བཙས་མ་ལ་ད་དུང་ཟླ་བ་བཞི་ཡོད་མི་ཟེར་རམ། མིག་བཏེགས་ཏེ་ཀླུངས་ལ་ལྟོས་ཤིག ཞིང་དཀར་པོར་སོང་ནས་རྔ་རན་འདུག་ཞེས་ངས་ཟེར། ༣༦ རྔ་མཁན་གྱིས་གླ་ཐོབ་སྟེ། ཚེ་མཐའ་མེད་པའི་ཕྱིར་སྟོན་ཐོག་བསྡུའོ། དེ་ཡིས་རྨོ་མཁན་དང་རྔ་མཁན་གཉིས་ཀར་དགའ་སྤྲོ་བྱུང་། ༣༧ གཅིག་གིས་རྨོ་གཅིག་གིས་རྔའོ་ཞེས་པའི་གཏམ་དཔེ་འདིར་བདེན་ནོ། ༣༨ ཁྱེད་ཀྱིས་མ་འབད་པ་དེ་རྔ་ཕྱིར་ངས་ཁྱེད་བཏང་བ་ཡིན་ནོ། གཞན་གྱིས་འབད་ནས། དེའི་ལས་འཕྲོ་ལ་ཁྱེད་ཞུགས་སོ་ཞེས་གསུངས་སོ༎
༣༩ ངས་བྱས་པ་ཐམས་ཅད་ཁོང་གིས་བཤད་བྱུང་ཞེས་བུད་མེད་དེའི་དཔང་པོའི་སྒོ་ནས། གྲོང་ཁྱེར་དེའི་ས་མར་ཡཱ་པ་མང་པོ་ཁོང་ལ་དད་པར་གྱུར་ཏོ། ༤༠ སྐུ་དྲུང་དུ་འོངས་པ་རྣམས་ཀྱིས་ང་ཚོའི་རྩར་བཞུགས་སུ་གསོལ་ཞེས་ཞུས་པས། ཁོང་དེར་ཞག་གཉིས་བཞུགས་སོ། ༤༡ ལྷག་པར་ཁོང་གི་གསུང་གི་སྒོ་ནས་མི་མང་པོ་དད་པར་གྱུར་ཏོ། ༤༢ བུད་མེད་ལ། ཁྱོད་ཀྱིས་སྨྲས་པ་ཙམ་གྱི་མ་ཡིན་པར། ང་ཚོ་རང་གིས་ཐོས་ནས། འདི་འཇིག་རྟེན་གྱི་སྐྱབས་མགོན་ཡིན་པར་ཐེ་ཚོམ་མེད་པར་ཤེས་ཏེ་དད་པ་བྱེད་དོ་སྨྲས་སོ༎
༤༣ ཞག་གཉིས་ཀྱི་རྗེས་སུ་ཁོང་དེ་ནས་བཞེངས་ཏེ་ག་ལིལ་དུ་ཕེབས་སོ། ༤༤ ལུང་སྟོན་པ་ལ་རང་ཡུལ་དུ་བཀུར་སྟི་མི་འབྱུང་ཞེས་མངོན་པར་གསུངས་སོ། ༤༥ ག་ལིལ་པ་རྣམས་ཡེ་རུ་ཤ་ལེམ་དུ་དུས་ཆེན་ལ་སོང་ནས། ཁོང་གི་མཛད་པ་ཀུན་མཐོང་བས། ག་ལིལ་དུ་ཕེབས་པ་དང་གདན་དྲངས་སོ༎
༤༦ ཆུ་རྒུན་ཆང་དུ་མཛད་པའི་ག་ལིལ་གྱི་ཁ་ནཱ་རུ་སླར་ཕེབས། ཀ་ཕར་ནཱ་ཧུམ་དུ་བུ་ན་ཞིང་ཡོད་པའི་རྒྱལ་པོའི་སྐུ་ཚབ་གཅིག་ཡོད་དེ། ༤༧ ཡེ་ཤུ་ཡ་ཧུ་དཱ་ནས་ག་ལིལ་དུ་ཕེབས་པ་ཐོས་ནས། མཇལ་ཏེ། ངའི་བུ་འཆི་བ་ལ་ཐུག་པས། ཕེབས་ནས་ནད་གསོ་རུ་གསོལ་ཞེས་ཞུས་སོ། ༤༨ ཡེ་ཤུས། ལྟས་དང་ངོ་མཚར་མ་མཐོང་བར། ཁྱོད་རྣམས་ཀྱིས་དད་པ་མི་བྱའོ་གསུངས་སོ། ༤༩ སྐུ་ཚབ་དེས། ཇོ་བོ། ངའི་བུ་མ་འཆི་བའི་སྔོན་དུ་ཕེབས་པར་མཛོད་ཅིག་ཞུས་སོ། ༥༠ ཡེ་ཤུས། སོང་། ཁྱོད་ཀྱི་བུ་གསོན་འོང་གསུངས་སོ། ཁོ་ཡེ་ཤུས་གསུངས་པའི་བཀའ་ལ་ཡིད་ཆེས་ཏེ། སོང་བ་ལས། ༥༡ ལམ་བར་དུ་ཁྱེད་ཀྱི་བུ་གསོན་ནོ་ཞེས་ཟེར་བའི་གཡོག་པོ་དང་ཕྲད་དོ། ༥༢ ཁོས་ནད་དྭངས་པའི་ཆུ་ཚོད་དྲིས་ནས། ཁ་སང་ཉི་མ་ཕྱེད་ཡོལ་ལ་ཚད་པ་དྭངས་ཟེར་བས། ༥༣ ཡེ་ཤུས་ཁྱོད་ཀྱི་བུ་གསོན་འོང་ཞེས་གསུངས་པའི་ཆུ་ཚོད་དེ་རང་ཡིན་པ་ཤེས་ནས། ཁོ་རང་དང་ཁྱིམ་ཚང་རྣམས་དད་པར་གྱུར་ཏོ། ༥༤ འདི་ཡེ་ཤུ་ཡ་ཧུ་དཱ་ནས་ག་ལིལ་དུ་ཕེབས་ནས་མཛད་པའི་ལྟས་གཉིས་པ་དེ་ཡིན་ནོ༎