དེའི་འོག་ཏུ་ཡ་ཧུ་དཱ་པའི་དུས་ཆེན་བསླེབས་པས། ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་སོ།  ཡེ་རུ་ཤ་ལེམ་གྱི་ལུག་སྒོ་དང་ཉེ་བར། ཨིབ་རི་པའི་སྐད་ལ་བེད་ཙེ་དཱ་བྱ་བའི་གཡབ་ལྔ་ཡོད་པའི་རྫིང་བུ་ཞིག་ཡོད་དོ།  གཡབ་ཀྱི་འོག་ཏུ་ལོང་བ་དང་། ཞ་བོ་དང་གཟའ་ཕོག་ལ་སོགས་པའི་ནད་པ་མང་པོ་ཉལ་ཡོད་དོ།  ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽  དེར་མི་ན་ནས་ལོ་སོ་བརྒྱད་སོང་བ་ཞིག་ཡོད་དེ།  ཡེ་ཤུས་ཁོ་ཉལ་ཡོད་པ་གཟིགས་ནས། དུས་མང་པོ་ནས་དེ་ལྟར་ཡོད་པ་མཁྱེན་ཏེ་ཁོ་ལ། གསོ་བར་འདོད་དམ་གསུངས་སོ།  ནད་པ་དེས་ཞུ་ལན་དུ། ཇོ་བོ། ཆུ་འགུལ་དུས་སུ་ང་རྫིང་བུའི་ནང་དུ་འཇུག་མཁན་མེད་པས། ང་སླེབས་པའི་བར་གཞན་ཞིག་འབབ་བོ་ཞུས་སོ།  ཡེ་ཤུས། ལོངས། ཉལ་ཁྲི་ཁུར་ཏེ་འགྲུལ་གསུངས་སོ།  དེ་མ་ཐག་ཁོ་གསོས་ཏེ། ཉལ་ཁྲི་ཁུར་ནས་འགྲུལ་ཏོ༎
༡༠ ཞག་དེ་ཤབ་བཱད་ཡིན་པས། ཡ་ཧུ་དཱ་པས་གསོས་པ་དེ་ལ། དེ་རིང་ཤབ་བཱད་ཡིན་པས། ཉལ་ཁྲི་ཁུར་མི་ཆོག་ཟེར་ཀྱང་། ༡༡ དེས་ལན་དུ། ང་གསོ་བར་མཛད་པ་དེས། ཉལ་ཁྲི་ཁུར་ཏེ་འགྲུལ་གསུངས་བྱུང་སྨྲས་སོ། ༡༢ དེ་རྣམས་ཀྱིས། ཉལ་ཁྲི་ཁུར་ཏེ་འགྲུལ་ཟེར་མཁན་སུ་ཡིན་དྲིས་ཀྱང་། ༡༣ དེར་མི་མང་པོ་ཡོད་པ་ལས། ཡེ་ཤུ་དེ་ནས་ཕེབས་པའི་རྐྱེན་གྱིས། གསོས་པ་དེས་ཁོང་སུ་ཡིན་མ་ཤེས་སོ། ༡༤ ཕྱིས་ཡེ་ཤུས་མི་དེ་མཆོད་ཁང་ན་གཟིགས་ནས་ཁོ་ལ། ད་ཁྱོད་ཁམས་བདེ་བས། ལྷག་པར་མི་མནར་ཕྱིར་སླར་སྡིག་པ་མ་བྱེད་ཅིག་གསུངས་སོ། ༡༥ ཁོ་སོང་ནས་ཡ་ཧུ་དཱ་པ་རྣམས་ལ། ང་གསོ་མཁན་ནི་ཡེ་ཤུ་ཡིན་ནོ་ཟེར། ༡༦ འདི་ལྟ་བུའི་མཛད་པ་ཤབ་བཱད་ཀྱི་ཞག་ལ་མཛད་པས། ཡ་ཧུ་དཱ་པ་རྣམས་ཀྱིས་ཡེ་ཤུ་ལ་བཙེས་སོ། ༡༧ ཁོང་གིས། ངའི་ཡབ་ཀྱིས་ད་ལྟ་བར་དུ་ཕྲིན་ལས་མཛད་པས། ངས་ཀྱང་ལས་བྱེད་དོ་གསུངས་སོ། ༡༨ ཡེ་ཤུས་ཤབ་བཱད་སྤངས་པའི་མ་ཟད། དཀོན་མཆོག་ནི་རང་གི་ཡབ་ཡིན་གསུང་ཞིང་། རང་དཀོན་མཆོག་དང་འདྲ་བར་མཛད་པས། ཡ་ཧུ་དཱ་པས་ལྷག་པར་ཁོང་གསོད་ཐབས་བཙལ་ཏོ༎
༡༩ ཡེ་ཤུས་གསུངས་པ། ཡབ་ཀྱི་ཅི་མཛད་པ་བཞིན་དུ་སྲས་ཀྱིས་ཀྱང་མཛད་པས། ཡབ་ཀྱིས་ཅི་མཛད་པ་དེ་མ་གཟིགས་པར། སྲས་ཀྱིས་ཅིའང་མཛད་མི་ནུས་སོ་ངས་བདེན་པར་ཟེར། ༢༠ ཡབ་ཀྱིས་སྲས་ལ་བྱམས་ཤིང་། ཉིད་ཀྱིས་མཛད་པ་ཐམས་ཅད་སྲས་ལ་སྟོན་པར་མཛད་དོ། ཁྱེད་ངོ་མཚར་དུ་འགྱུར་བའི་ཕྲིན་ལས་ཆེ་བ་ཁོང་ལ་སྟོན་པར་འགྱུར། ༢༡ ཡབ་ཀྱིས་གཤིན་པོ་སློང་ཞིང་གསོན་པོར་མཛད་པ་ལྟར། སྲས་ཀྱིས་ཀྱང་ཁོང་སུ་ལ་དགྱེས་པ་གསོན་པོར་མཛད་འོང་། ༢༢-༢༣ ཡབ་ཀྱིས་སུ་ལའང་ཞལ་ཆེ་མི་མཛད། ཡབ་ལ་མཆོད་པ་ལྟར་ཐམས་ཅད་ཀྱིས་སྲས་ལ་མཆོད་པའི་ཕྱིར། ཞལ་ཆེ་ཐམས་ཅད་ཀྱི་ཁག་སྲས་ལ་བཏད་ཡོད། སྲས་མི་མཆོད་པས་སྲས་མངགས་པའི་ཡབ་ལ་མི་མཆོད་དོ༎
༢༤ ངའི་བཀའ་ལ་ཉན་ཞིང་། ང་མངགས་པ་ཁོང་ལ་དད་པ་བྱེད་པ་དེ་ཚེ་མཐའ་མེད་པ་དང་ལྡན་ནོ་ངས་བདེན་པར་ཟེར། དེ་ལ་ཞལ་ཆེ་མ་བཅད་པར། འཆི་བ་ནས་གསོན་པ་ལ་ཕྱིན་ཏོ། ༢༥ གཤིན་པོས་དཀོན་མཆོག་གི་སྲས་ཀྱི་གསུང་སྐད་ཐོས་པ་དང་། ཐོས་པ་རྣམས་གསོན་པའི་དུས་འབབ་འོང་བ་མ་ཟད་རན་ཏོ་ཞེས་ངས་བདེན་པར་ཟེར། ༢༦ ཡབ་ཀྱིས་གསོན་པ་མངའ་བ་ལྟར། སྲས་ལའང་གསོན་པ་མངའ་བ་གནང་ངོ་། ༢༧ ཁོང་མིའི་བུ་ཡིན་པས། ཞལ་ཆེ་གཅོད་པའི་དབང་གནང་ངོ་། ༢༨ དུར་ཁུང་ནང་ཡོད་ཚད་ཀྱིས་ཁོང་གི་གསུང་སྐད་ཐོས་ནས་འཐོན་པའི་དུས་ལ་འབབ་འོང་བ་ལ་ངོ་མཚར་མ་བྱེད་ཅིག ༢༩ བཟང་པོ་བྱས་པ་རྣམས་གསོན་པའི་ཕྱིར་དང་། ངན་པ་བྱས་པ་རྣམས་ཞལ་ཆེའི་ཕྱིར་ལང་བར་འགྱུར་རོ༎
༣༠ ང་རང་གི་དབང་གིས་ཅིའང་བྱེད་མི་ཐུབ་སྟེ། ཐོས་པ་བཞིན་དུ་གཤགས་བྱེད་དོ། ངས་རང་གི་དགོངས་པ་ལ་མི་ལྟའི། ང་མངགས་པའི་ཐུགས་དགོངས་ལ་ལྟ་བས། ངས་གཤགས་འབྱེད་པ་ནི་དྲང་པོའོ༎
༣༡ ངས་ང་རང་ལ་དཔང་པོ་བྱེད་ན་བདེན་མི་ཆེས། ༣༢ ང་ལ་དཔང་བྱེད་མཁན་གཞན་ཡོད། ཁོས་ང་ལ་དཔང་བྱེད་པ་དེ་བདེན་ཆེས་དགོས་པ་ངས་ཤེས་སོ། ༣༣ ཁྱེད་ཀྱིས་ཡོ་ཧ་ནན་ལ་མི་བཏང་ནས། ཁོང་གིས་བདེན་པ་ཡིན་པ་ལ་དཔང་པོ་མཛད་དོ། ༣༤ ངས་མིའི་དཔང་པོ་མི་འཚོལ་ཡང་། ཁྱེད་ཐར་བའི་ཕྱིར་འདི་སྨྲའོ། ༣༥ ཁོང་ནི་འབར་ཞིང་འོད་འབྱིན་པའི་མར་མེ་ཡིན། ཁྱེད་འོད་དེ་ནང་རེ་ཞིག་ཡི་རང་བར་འདོད་དོ། ༣༦ ངའི་དཔང་པོ་ནི་ཡོ་ཧ་ནན་ལས་ཆེ་བ་ཡིན། ཡབ་ཀྱིས་ང་ལ་བཅོལ་བའི། ངས་བྱེད་པའི་ལས་འདི་རྣམས་ཀྱིས། ང་ཡབ་ཀྱིས་མངགས་པ་ཡིན་པ་ལ་དཔང་པོ་བྱེད་དོ། ༣༧ ང་མངགས་པའི་ཡབ་ཉིད་ཀྱིས་ང་ལ་དཔང་མཛད་དོ། ཁྱེད་ཀྱིས་ནི་ཁོང་གི་གསུང་སྐད་ཀྱང་མ་ཐོས། བྱད་གཟུགས་ཀྱང་མ་མཇལ་ཏེ། ༣༨ ཁོང་གིས་མངགས་པ་ལ་མི་དད་པས། ཁོག་པའི་ནང་ན་ཁོང་གི་བཀའ་གནས་པར་མི་བྱེད་དོ། ༣༩ གསུང་རབ་ཀྱི་སྒོ་ནས་ཚེ་མཐའ་མེད་པ་ཐོབ་འོང་བསམས་ཏེ། ཁྱེད་ཀྱིས་གསུང་རབ་ཀྱི་ནང་ན་འཚོལ་ལོ། གསུང་རབ་ཀྱིས་ནི་ང་ལ་དཔང་པོ་བྱེད་ཀྱང་། ༤༠ ངའི་དྲུང་དུ་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་ཁྱེད་འོང་བར་མི་འདོད་དོ༎
༤༡ ངས་མིའི་བཀུར་སྟི་མི་འཚོལ་ཡང་། ༤༢ ཁྱེད་ཀྱིས་དཀོན་མཆོག་ལ་མི་བྱམས་པ་དེ་ངས་ཤེས་སོ། ༤༣ ང་ནི་ངའི་ཡབ་ཀྱི་ཕྱོགས་ནས་འོངས་པས། ཁྱེད་ཀྱིས་ང་མི་བསུའོ། གཞན་ཞིག་རང་བཞིན་གྱིས་འོང་ན། ཁྱེད་ཚོས་བསུ་འོང་། ༤༤ དཀོན་མཆོག་གཅིག་པོ་ནས་འབྱུང་བའི་བཀུར་སྟི་མི་འཚོལ་བར། ཕན་ཚུན་བཀུར་སྟི་འཚོལ་བ་ཁྱེད་ཚོས། ཇི་ལྟར་དད་སྲིད། ༤༥ ངས་ཡབ་ཀྱི་དྲུང་དུ་ཁྱེད་ལ་སྐྱོན་འགལ་འོང་མ་སེམས་ཤིག སྐྱོན་འགལ་མཁན་ནི་ཁྱེད་ཀྱིས་རེ་ལྟོས་བཅོལ་བའི་མོ་ཤེ་ཡིན། ༤༦ མོ་ཤེ་ལ་ཡིད་ཆེས་པ་ཡིན་ན། ཁོང་གིས་ངའི་སྐོར་ལ་བྲིས་པས། ང་ལའང་ཡིད་ཆེས་པ་ཡིན། ༤༧ ཁོང་གིས་ཡི་གེར་བཀོད་པ་ལ་ཡིད་མི་ཆེས་ན། ངའི་གསུང་ལ་ཇི་ལྟར་ཡིད་ཆེས་པར་འགྱུར། ཞེས་གསུངས་སོ༎