དེའི་འོག་ཏུ་ཡེ་ཤུ་ཏི་བེར་ཡཱའི་མཚོ་བྱ་བའི་ག་ལིལ་མཚོའི་ཕ་རོལ་དུ་གཤེགས་པ་དང་།  མི་ཚོགས་ཀྱིས་ནད་པ་རྣམས་ལ་མཛད་པའི་ལྟས་མཐོང་ནས། ཁོང་གི་ཕྱི་བཞིན་འབྲངས་སོ།  ཡེ་ཤུ་རིར་ཕེབས་ནས་ཉེ་གནས་རྣམས་དང་མཉམ་དུ་བཞུགས་སོ།  ཡ་ཧུ་དཱ་པའི་པེ་སག་གི་དུས་ཆེན་ཐག་ཉེ་བར་ཡོད་དོ།  ཡེ་ཤུས་སྤྱན་བཏེགས་ནས། མི་ཚོགས་ཆེན་པོ་འོང་བར་གཟིགས་ཏེ། ཕི་ལིབ་ལ། འདི་རྣམས་ལ་སྟེར་བའི་བག་ལེབ་ཅི་ལྟར་ཉོ་གསུངས་སོ།  ཉིད་ཀྱིས་ཅི་མཛད་འོང་བ་མཁྱེན་བཞིན། ཕི་ལིབ་ཀྱི་ཉམས་སད་པའི་ཕྱིར་དེ་ལྟར་གསུངས་སོ།  ཕི་ལིབ་ཀྱིས་ཞུ་ལན་དུ། དངུལ་ཊཾ་ཉིས་བརྒྱའི་བག་ལེབ་ཀྱིས་ཀྱང་མི་རེ་རེ་ལ་ཅུང་ཟད་སྟེར་དུ་མི་འདང་ཞུས་སོ།  ཉེ་གནས་ཡིན་པའི་ཤི་མོན་པེ་ཏྲོའི་ནུ་བོ་ཨན་དྲེ་ཨས་ཁོང་ལ།  འདིར་ཡོད་པའི་ཁྱེའུ་ཞིག་ལ་འབྲུ་སོ་བའི་བག་ལེབ་ལྔ་དང་ཉ་གཉིས་འདུག་ཀྱང་། མི་འདི་ཙམ་མང་པོ་ལ་ཅི་ཕན་ནུས་ཞུས་སོ། ༡༠ ཡེ་ཤུས་མི་རྣམས་ས་ལ་སྡོད་དུ་ཆུག་གསུངས་པས། དེར་རྩྭ་མང་པོ་ཡོད་དེ། མི་སྟོང་ལྔ་ཙམ་དེར་བསྡད་དོ། ༡༡ ཡེ་ཤུས་བག་ལེབ་ཕྱག་ཏུ་བཞེས་ནས། གཏང་རག་ཕུལ་ཏེ། སར་བསྡད་པ་རྣམས་ལ་བགོས་ནས་སྩལ། དེ་བཞིན་དུ་ཉའང་ཇི་ཙམ་དགོས་པ་སྩལ་ཏོ། ༡༢ དེ་ཚོ་ཚིམ་པ་དང་། ཁོང་གིས་ཉེ་གནས་རྣམས་ལ། ཅིའང་ཆུད་ཟོས་མི་འགྲོ་བའི་ཕྱིར་ལྷག་མ་བྲུལ་བུ་རྣམས་སྡུས་ཤིག་གསུངས་པས། ༡༣ བསྡུས་ཏེ་མི་རྣམས་ཀྱིས་ཟོས་པའི་སོ་བའི་བག་ལེབ་ལྔ་པོ་ལས་ལུས་པའི་བྲུལ་བུ་ཙེལ་པོ་བཅུ་གཉིས་བཀང་ངོ་། ༡༤ མི་རྣམས་ཀྱིས་ཁོང་གིས་མཛད་པའི་ལྟས་མཐོང་ནས། འཇིག་རྟེན་དུ་འབྱོན་པར་འགྱུར་བའི་ལུང་སྟོན་པ་དེ་ནི། འདི་ཡིན་པར་ཐེ་ཚོམ་མེད་ཅེས་སྨྲས་སོ། ༡༥ མི་རྣམས་ཀྱིས་ཁོང་གཟུང་ནས་རྒྱལ་པོར་བསྐོ་འོང་གྲབས་ཡོད་པ་དེ་ཡེ་ཤུས་མཁྱེན་ནས་གཅིག་པུར་རིར་གཤེགས་སོ༎
༡༦ སྲོད་རུབ་པའི་ཚེ། ཉེ་གནས་རྣམས་མཚོའི་འགྲམ་དུ་སོང་སྟེ། ༡༧ གྲུར་ཞུགས་ནས། མཚོའི་ཕ་རོལ་གྱི་ཀ་ཕར་ནཱ་ཧུམ་དུ་འགྲོ་བ་ལས། མུན་རུབ་ཀྱང་ཡེ་ཤུ་དེ་ཚོའི་རྩར་མ་ཕེབས། ༡༨ རླུང་འཚུབ་དྲག་པོས་རྦ་རླབས་ལངས་ཤིང་། ༡༩ གྲུ་དཔག་ཚད་གཅིག་གཉིས་བཏང་བ་དང་། ཡེ་ཤུ་མཚོའི་སྟེང་དུ་ཞབས་འཆག་ཅིང་། གྲུ་དང་ཉེ་བར་བྱོན་པ་མཇལ་ནས་དེ་དག་འཇིགས་སོ། ༢༠ ཡེ་ཤུས། ང་ཡིན། མ་འཇིགས་ཤིག་གསུངས་ནས། ༢༡ དེ་ཚོ་དགའ་ཞིང་ཁོང་གྲུའི་ནང་དུ་གདན་ཞུས་ཏེ། འཕྲལ་དུ་གྲུ་གཏོང་སར་བསླེབས་སོ༎
༢༢ དེའི་སང་ཉིན་ཚུར་རོལ་ལུས་པ་རྣམས་ཀྱིས། དེར་གྲུ་གཅིག་ལས་མེད་དེ། ཉེ་གནས་རྣམས་མ་གཏོགས་ཡེ་ཤུ་དེའི་ནང་མ་ཕེབས་པ་གོའོ། ༢༣ ཡེ་ཤུས་གཏང་རག་ཕུལ་རྗེས་དེ་ཚོས་བག་ལེབ་ཟོས་པའི་གནས་དང་ཉེ་བར། ཏི་བེར་ཡཱ་ནས་གྲུ་གཞན་བསླེབས་ནས། ༢༤ ཡེ་ཤུའང་མེད། ཉེ་གནས་ཀྱང་མེད་པར་མཐོང་ནས། མི་ཚོགས་ཀྱང་གྲུར་ཞུགས་ཏེ། ཡེ་ཤུ་འཚོལ་ཞིང་ཀ་ཕར་ནཱ་ཧུམ་དུ་བསླེབས་སོ། ༢༥ མཚོའི་ཕ་རོལ་དུ་ཁོང་མཇལ་ནས། སྟོན་པ། འདིར་ནམ་ཕེབས་ཞུས་སོ། ༢༦ ཡེ་ཤུས་བཀའ་ལན་དུ། ཁྱེད་ཀྱིས་ལྟས་མཐོང་བས་ང་མི་འཚོལ་གྱི། བག་ལེབ་ཟོས་ནས་ཚིམ་པས་ང་འཚོལ་ལོ་ཞེས་ངས་བདེན་པར་ཟེར། ༢༧ མི་རྟག་པའི་ཁ་ཟས་ཀྱི་ཕྱིར་མི་འབད་པར། མིའི་བུས་གནང་འོང་བའི་ཚེ་མཐའ་མེད་པའི་བར། འཚོ་བའི་ཁ་ཟས་ཀྱི་ཕྱིར་འབོད་ཅིག ཁོང་ལ་དཀོན་མཆོག་ཡབ་ཀྱིས་ཕྱག་རྒྱ་བཏབ་ཡོད་དོ་ཞེས་གསུངས་པའི་ལན་དུ། ༢༨ དཀོན་མཆོག་གི་བྱ་བ་བྱེད་པའི་ཕྱིར་ང་ཚོས་ཅི་བྱ་ཞུས་ནས། ༢༩ ཡེ་ཤུས། དཀོན་མཆོག་གིས་མངགས་པ་ལ་དད་པ་བྱེད་པ་ནི། དཀོན་མཆོག་གི་བྱ་བ་ཡིན་གསུངས་པས། ༣༠ དེ་ཚོས་ང་ཚོས་མཐོང་བ་དང་དད་པ་བྱེད་པའི་ཕྱིར། ཁྱེད་ཀྱིས་ལྟས་ཅི་སྟོན། བྱ་བ་ཅི་མཛད། ༣༡ མདོ་ན། ཟ་རུ་ནམ་མཁའ་ནས་བག་ལེབ་གནང་། ཞེས་བྲིས་པ་བཞིན་དུ། ང་ཚོའི་ཕ་མེས་ཀྱིས་འབྲོག་སྟོང་ནང་མན་ནཱ་ཟོས་ཞུས་པས། ༣༢ ཡེ་ཤུས། ནམ་མཁའ་ནས་བག་ལེབ་དེ་མོ་ཤེས་མ་བཏང་གི། ཁྱེད་ལ་བདེན་པའི་བག་ལེབ་ནམ་མཁའ་ནས་གནང་མཁན་ནི་ངའི་ཡབ་ཡིན་ནོ་ངས་བདེན་པར་ཟེར། ༣༣ དཀོན་མཆོག་གི་བག་ལེབ་ནི། ནམ་མཁའ་ནས་འབབ་སྟེ། འཇིག་རྟེན་ལ་ཚེ་གསར་པ་གནང་མཁན་དེ་ཡིན། གསུངས་སོ༎
༣༤ དེ་ཚོས། གཙོ་བོ། དུས་གཏན་དུ་ང་ཚོར་དེ་འདྲའི་བག་ལེབ་གནང་དུ་གསོལ་ཞུས་སོ། ༣༥ ཡེ་ཤུས། ཚེའི་བག་ལེབ་དེ་ང་ཡིན། ངའི་རྩར་འོང་བ་དེ་མི་ལྟོགས། ང་ལ་དད་པ་ནམ་ཡང་མི་སྐོམ། ༣༦ ཁྱེད་ཀྱིས་ང་མཐོང་ཡང་དད་པ་མི་བྱེད་དོ་ཞེས་སྔོན་དུ་སྨྲས་སོ། ༣༧ ཡབ་ཀྱིས་ང་ལ་གནང་བ་ཐམས་ཅད་ངའི་རྩར་འོང་སྟེ། ངས་འདོན་པར་མི་བྱའོ། ༣༨ ང་ནམ་མཁའ་ནས་ང་རང་གི་བསམ་པ་སྒྲུབ་ཏུ་མ་ཡིན་པར། ང་མངགས་མཁན་གྱི་ཐུགས་དགོངས་སྒྲུབ་ཕྱིར་བབས་པ་ཡིན། ༣༩ ང་ལ་གནང་བ་ཐམས་ཅད་ལས་གཅིག་ཀྱང་མི་སྟོར་བར། མཐའ་མའི་ཉིན་མོར་གསོན་པོར་སློང་བ། ང་མངགས་མཁན་གྱི་ཐུགས་དགོངས་ཡིན་ནོ། ༤༠ སྲས་མཇལ་ནས་ཁོང་ལ་དད་མཁན་ཐམས་ཅད་ལ། ཚེ་མཐའ་མེད་པ་ཐོབ་ཅིང་། ངས་དེ་མཐའ་མའི་ཉིན་མོར་གསོན་པོར་སློང་བ་ནི་ངའི་ཡབ་ཀྱི་ཐུགས་དགོངས་ཡིན་ནོ་གསུངས་སོ༎
༤༡ ཁོང་གིས་ནམ་མཁའ་ནས་བབས་པའི་བག་ལེབ་དེ་ང་ཡིན་གསུངས་པས། ཡ་ཧུ་དཱ་པ་རྣམས་ཀྱིས་ཟུར་ཟ་ཞིང་། ༤༢ འདི་ཡོ་སེབ་ཀྱི་བུ་ཡེ་ཤུ་མ་ཡིན་ནམ། དེའི་ཕ་མ་ང་ཚོས་མི་ཤེས་སམ། ད་ཁོས་ང་ནམ་མཁའ་ནས་བབས་ཞེས་ཅི་ལྟར་ཟེར་སྨྲས་སོ། ༤༣ ཡེ་ཤུས། ཁྱེད་རྣམས་ཀྱིས་ཟུར་མ་ཟ་ཞིག ༤༤ ང་མངགས་པའི་ཡབ་ཀྱིས་མི་འདྲེན་པར། ངའི་དྲུང་དུ་སུའང་འོང་མི་ནུས་ཤིང་། འོངས་པ་དེ་ངས་མཐའ་མའི་ཉིན་མོར་སློང་བར་བྱའོ། ༤༥ ལུང་སྟོན་པའི་མདོ་ན། དེ་ཐམས་ཅད་དཀོན་མཆོག་གི་སློབ་བུར་འགྱུར་ཞེས་བྲིས་ཏེ། ཡབ་ལས་ཐོས་ནས་སློབ་པ་ཐམས་ཅད་ངའི་དྲུང་དུ་འོང་ངོ་། ༤༦ དཀོན་མཆོག་ནས་བྱུང་མཁན་གཅིག་པོས་ཡབ་མཇལ་ཏོ། ཁོང་མ་གཏོགས་པར་སུས་ཀྱང་ཡབ་མ་མཇལ་ཏོ། ༤༧ དད་པ་ཅན་ལ་ཚེ་མཐའ་མེད་པ་ཡོད་ཞེས་ངས་བདེན་པར་ཟེར། ༤༨ ཚེའི་བག་ལེབ་དེ་ང་ཡིན། ༤༩ ཁྱེད་ཀྱི་མེས་པོས་འབྲོག་སྟོང་ལ་མན་ནཱ་ཟོས་ཀྱང་ཤི། ༥༠ ཟོས་ནས་མི་འཆི་བའི་ཕྱིར་བག་ལེབ་འདི་ནམ་མཁའ་ནས་འབབ་བོ། ༥༡ ནམ་མཁའ་ནས་བབས་པའི་ཚེའི་བག་ལེབ་འདི་ང་ཡིན། བག་ལེབ་འདི་ལས་ཟ་བ་དེ། དུས་གཏན་དུ་གསོན་འོང་། འཇིག་རྟེན་ལ་ཚེ་གསར་པ་གཏོང་ཕྱིར་སྦྱིན་པའི་བག་ལེབ་དེ་ངའི་ཤ་ཡིན་གསུངས་སོ༎
༥༢ ཡ་ཧུ་དཱ་པས་ཕན་ཚུན་རྩོད་ཅིང་། མི་འདིས་རང་གི་ཤ་ང་ཚོར་ཟ་རུ་ཇི་ལྟར་སྟེར་ནུས་ཟེར་བས། ༥༣ ཡེ་ཤུས་དེ་རྣམས་ལ། མིའི་བུའི་ཤ་མི་ཟ་ཞིང་ཁོང་གི་ཁྲག་མི་འཐུང་ན། ཁྱེད་ལ་ཚེ་མཐའ་མེད་པ་མི་ཐོབ་བོ་ཞེས་ངས་བདེན་པར་ཟེར། ༥༤ ངའི་ཤ་ཟ་ཞིང་ངའི་ཁྲག་འཐུང་མཁན་ལ་ཚེ་མཐའ་མེད་པ་ཐོབ་སྟེ། མཐའ་མའི་ཉིན་མོར་ངས་ཁོ་གསོན་པོར་སློང་བར་འགྱུར་རོ། ༥༥ ངའི་ཤ་ཟས་དང་ངའི་ཁྲག་སྐོམ་ཡིན་པར་ཐེ་ཚོམས་མེད་དོ། ༥༦ ངའི་ཤ་ཟ་ཞིང་ཁྲག་འཐུང་བ་དེ་ངའི་ནང་གནས་ཤིང་ངའང་ཁོའི་ནང་ན་གནས་སོ། ༥༧ གསོན་པོ་ལགས་པའི་ཡབ་ཀྱིས་ང་མངགས་ཏེ། ང་ཡབ་ལ་བརྟེན་ཏེ་གསོན་པ་བཞིན། ང་ཟ་བ་དེའང་ང་ལ་བརྟེན་ཏེ་གསོན་པར་འགྱུར་རོ། ༥༨ མེས་པོས་ཟོས་པའི་བག་ལེབ་དང་མི་འདྲ་སྟེ། འདི་ནི་ནམ་མཁའ་ནས་བབས་པའི་བག་ལེབ་ཡིན་པས། ཟ་མཁན་དེ་གཏན་དུ་གསོན་འོང་། ༥༩ ཞེས་ཀ་ཕར་ནཱ་ཧུམ་གྱི་འདུ་ཁང་དུ་ཆོས་སྟོན་པའི་ཚེ་གདམས་པར་མཛད་དོ༎
༦༠ དེ་ཐོས་པའི་ཉེ་གནས་མང་པོས། གསུང་འདི་མི་སུས་ཉན་ནུས་སྨྲས་སོ། ༦༡ གསུང་དེའི་རྐྱེན་གྱིས་ཉེ་གནས་རྣམས་ཀྱི་ཡིད་མ་བདེ་བ་ཡེ་ཤུས་མཁྱེན་ནས་དེ་ཚོར་གཏམ་འདིས་ཁྱེད་ཀྱི་དད་པ་ལོག་འཇུག་གམ། ༦༢ ཁྱེད་ཀྱིས་མིའི་བུ་ཐོག་མའི་གནས་སུ་འཕགས་པར་མཐོང་ན་ཅི་བྱ། ༦༣ སྲོག་སྦྱིན་མཁན་ནི་ཐུགས་ཉིད་ཡིན་ཅིང་། ངས་སྨྲས་པའི་བཀའ་ནི་ཐུགས་ཉིད་དང་གསོན་པ་ཡིན་ཀྱང་། ༦༤ ཁྱེད་ལས་ཁ་ཅིག་གིས་དད་པ་མི་བྱེད་དོ་གསུངས་སོ། ཡེ་ཤུས་ཐོག་མ་ནས་དད་པ་མི་བྱེད་པ་སུ་ཡིན་པ་དང་། ཁོང་དགྲར་བཏད་མཁན་དེ་མཁྱེན་པས་དེ་ལྟར་གསུངས་སོ། ༦༥ སླར་ཁོང་གིས། ཡབ་ཀྱིས་མི་གནང་བར་སུའང་ངའི་དྲུང་དུ་འོང་མི་ནུས་ཞེས་ངས་སྨྲས་པའི་རྒྱུ་དེ་ཡིན་གསུངས་སོ༎
༦༦ དེའི་རྐྱེན་གྱིས་ཉེ་གནས་མང་པོ་ལོག་ནས་ཕྱིན་ཆད་ཞབས་རྗེས་ལ་མ་འབྲངས་སོ། ༦༧ ཡེ་ཤུས་སྐུ་ཚབ་བཅུ་གཉིས་པོ་ལ། ཁྱེད་ཀྱང་འགྲོ་བར་འདོད་དམ་གསུངས་པ་དང་། ༦༨ ཤི་མོན་པེ་ཏྲོས། གཙོ་བོ་ལགས། ཚེ་མཐའ་མེད་པའི་བཀའ་ཁྱེད་ལ་མཆིས་པས། ངེད་སུའི་རྩར་འགྲོ། ༦༩ ཁྱེད་ནི་དཀོན་མཆོག་གི་དམ་པ་དེ་ཡིན་པར་ང་ཚོས་དད་ཅིང་ངོ་རྟོགས་པ་ཡིན་ཞུས་སོ། ༧༠ ཡེ་ཤུས་བཀའ་ལན་དུ། ཁྱེད་བཅུ་གཉིས་པོ་ངས་མ་འདམས་སམ། འོན་ཀྱང་ཁྱེད་ལས་གཅིག་ནི་བདུད་ཡིན་གསུངས་སོ། ༧༡ དེ་ནི་བཅུ་གཉིས་པོ་ལས་གཅིག་ཡིན་པ། ཀར་ཡོད་པ་ཤི་མོན་གྱི་བུ་ཡུ་དཱ་ལ་དམིགས་ནས་གསུངས་སོ༎