༧
དེའི་འོག་ཏུ་ཡེ་ཤུ་ག་ལིལ་སྐོར་ལ་ཕེབས་སོ། ཡ་ཧུ་དཱ་པས་ཁོང་བཀྲོངས་ཐབས་བཙལ་བས། ཡ་ཧུ་དཱ་སྐོར་ལ་ཕེབས་པར་མ་མཉེས་སོ༎༢ ཡ་ཧུ་དཱ་པའི་སྤྱིལ་བུའི་དུས་ཆེན་ཉེ་བས། ༣ ཁོང་གི་སྐུ་མཆེད་རྣམས་ཀྱིས་ཁོང་ལ། ཁྱེད་ཀྱི་མཛད་པ་ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་ཀྱང་མཐོང་བའི་ཕྱིར། འདི་ནས་བཞེངས་ཏེ་ཡ་ཧུ་དཱ་རུ་ཕེབས་ཤིག ༤ མིང་ཅན་འགྱུར་འདོད་པ་དེས་གསང་ནས་མི་བྱེད། འདི་རྣམས་མཛད་ན་རང་ཉིད་འཇིག་རྟེན་ལ་མངོན་པར་མཛོད་ཞུས་སོ། ༥ སྐུ་མཆེད་རྣམས་ཀྱིས་ཀྱང་ཁོང་ལ་དད་པ་མ་བྱས་སོ། ༦ ཡེ་ཤུས་དེ་རྣམས་ལ། ཁྱེད་ལ་རྒྱུན་དུ་སྐབས་ཡོད་ཀྱང་། ངའི་དུས་ཚོད་ད་དུང་མ་རན་ཏོ། ༧ ཁྱེད་ལ་འཇིག་རྟེན་གྱིས་སྡང་མི་ཐུབ་འོན་ཀྱང་ངས་དེའི་ལས་རྣམས་ངན་པ་ཡིན་པར་དཔང་བྱེད་པས་ང་ལ་སྡང་ངོ་། ༨ ཁྱེད་དུས་ཆེན་ལ་སོང་། ངའི་དུས་ད་དུང་མ་རན་པས། དུས་ཆེན་ལ་མི་འགྲོ། ༩ ཞེས་གསུངས་ནས་ག་ལིལ་དུ་བཞུགས་སོ༎
༡༠ སྐུ་མཆེད་རྣམས་དུས་ཆེན་ལ་སོང་བའི་རྗེས་སུ། མངོན་སུམ་དུ་མ་ཕེབས་པར་གསང་བའི་ཚུལ་དུ་ཁོང་ཡང་ཕེབས་སོ། ༡༡ ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་གང་ན་འདུག་ཟེར་ཞིང་དུས་ཆེན་ལ་བཙལ་ཏོ། ༡༢ མི་ཚོགས་ཀྱི་ནང་དུ་ཁོང་གི་འཕྲོས་པ་ལངས་ནས། ལ་ལས་ཁོང་བཟང་པོ་ཡིན་པ་དང་། ལ་ལས་མིན་མི་རྣམས་ལམ་འཁྱར་དུ་འཇུག་གོ་སྨྲས་ཀྱང་། ༡༣ ཡ་ཧུ་དཱ་པ་ལ་འཇིགས་ནས་མངོན་སུམ་དུ་ཁོང་གི་གཏམ་མ་བྱས་སོ༎
༡༤ དུས་ཆེན་གྱི་དཀྱིལ་ཙམ་ལ། ཡེ་ཤུ་མཆོད་ཁང་དུ་གཤེགས་ནས་ཆོས་བསྟན་པས། ༡༥ ཡ་ཧུ་དཱ་པ་རྣམས་ངོ་མཚར་དུ་གྱུར་ཏེ། མི་འདིས་ནམ་ཡང་མ་བསླབས་པར་ཆོས་ཅི་ལྟར་ཤེས་སྨྲས་པས། ༡༦ ཡེ་ཤུས་བཀའ་ལན་དུ། ངས་སྟོན་པ་འདི་ངའི་མ་ཡིན་ཏེ། ང་མངགས་མཁན་གྱི་ཡིན་ནོ། ༡༧ ཁོང་གི་དགོངས་པ་སྒྲུབ་པར་དགའ་བ་དེས། བསྟན་པ་འདི་དཀོན་མཆོག་ནས་ཡིན་ནམ། ང་རང་ནས་ཡིན་ཤེས་པར་འགྱུར། ༡༨ རང་ནས་སྨྲ་བ་དེས་རང་གི་སྙན་གྲགས་འཚོལ། མངགས་མཁན་གྱི་སྙན་གྲགས་འཚོལ་བ་དེ་བདེན་ཞིང་། དེའི་ཁོག་ནང་ཟོག་མེད་དོ། ༡༩ མོ་ཤེས་ཁྱེད་ལ་བཀའ་ཁྲིམས་མ་གནང་ངམ། དེ་ནས་ཀྱང་ཁྱེད་སུས་ཀྱང་བཀའ་ཁྲིམས་མི་སྲུང་ངོ་། ང་གསོད་པའི་ཐབས་ཅིའི་ཕྱིར་འཚོལ་གསུངས་ནས། ༢༠ མི་ཚོགས་ཀྱིས་ཞུ་ལན་དུ། ཁྱེད་སྨྱོའོ། སུས་ཁྱེད་གསོད་ཐབས་འཚོལ་ལོ་ཞུས་སོ། ༢༡ ཡེ་ཤུས་བཀའ་ལན་དུ། ངས་ལས་གཅིག་བྱས་པས། ཁྱེད་ཐམས་ཅད་ངོ་མཚར་དུ་འགྱུར་རོ། ༢༢ མདུན་ལྤགས་གཅོད་པའི་སྲོལ་མོ་ཤེས་མ་བཙུགས་པར། མེས་པོས་བཙུགས་ཏེ། མོ་ཤེས་དེ་ཚུལ་ཁྲིམས་སུ་གནང་ཞིང་། ཁྱེད་ཀྱིས་ཤབ་བཱད་ཀྱི་ཞག་ལ་གཅོད་དོ། ༢༣ མོ་ཤེའི་བཀའ་ཁྲིམས་བསྲུང་བའི་ཕྱིར་ཤབ་བཱད་ལ་མདུན་ལྤགས་གཅོད་ན། ངས་ཤབ་བཱད་ཀྱི་ཞག་ལ་ལུས་ཧྲིལ་པོ་སོས་པས། ཁྱེད་ང་ལ་ཁྲོའམ། ༢༤ མཐོང་བཟོར་མིན་པར་དྲང་པོར་ཐག་ཆོད་ཅིག་ཅེས་གསུངས།
༢༥ ཡེ་རུ་ཤ་ལེམ་པ་རེས་འདི་སྐད་དུ། མི་རྣམས་ཀྱིས་གསོད་པར་རྩམ་པ་དེ་འདི་མ་ཡིན་ནམ། ༢༦ འདིར་ཁོང་གིས་དངོས་སུ་གསུང་ཡང་། དེ་རྣམས་ཀྱིས་ཅིའང་མི་ཞུའོ། དཔོན་པོ་ཚོས་ཁོང་མཱ་ཤི་ཀ་ཡིན་པ་བདེན་པ་རྟོགས་སམ་ཅི། ༢༧ འོན་ཀྱང་འདི་གང་ནས་ཡིན་པ་ང་ཚོས་ཤེས་ཏེ། མཱ་ཤི་ཀ་འབྱོན་དུས་སུ་ཁོང་གང་ནས་ཕེབས་པ་སུས་ཀྱང་མི་ཤེས་ཟེར་ཏོ། ༢༨ ཡེ་ཤུས་མཆོད་ཁང་ན་ཆོས་སྟོན་པའི་ཚེ། མངོན་པར་སྒྲོག་ཅིང་། ཁྱེད་ཀྱིས་ང་ཤེས་ཤིང་། གང་ནས་ཡིན་པའང་ཤེས་རུང་། ང་རང་བཞིན་གྱིས་མ་འོངས། ང་མངགས་མཁན་དངོས་སུ་ཡོད་ལགས་ཏེ། ཁོང་ཁྱེད་ཀྱིས་མི་ཤེས། ༢༩ ང་ནི་ཁོང་གི་ཕྱོགས་ནས་ཡིན་ཏེ། ཁོང་གིས་ང་མངགས་པས། ངས་ཁོང་ཤེས་སོ་གསུངས་པས། ༣༠ དེ་ཚོས་ཁོང་འཛིན་པར་རྩམ་ཡང་། ཁོང་གི་དུས་མ་རན་པས། སུས་ཀྱང་ཁོང་ལ་མ་རེག་གོ།
༣༡ མི་ཚོགས་ལས་མང་པོས་ཁོང་ལ་དད་པ་བྱས་ཏེ། འདི་སྐད་དུ། མཱ་ཤི་ཀ་འབྱོན་པའི་ཚེ། སྐྱེས་བུ་འདི་ལས་ལྷག་པའི་ལྟས་སྟོན་ནམ་ཅི་སྨྲས་སོ། ༣༢ ཁོང་གི་སྐོར་དུ་མི་ཚོགས་ཀྱིས་དེ་ལྟར་གླེང་བ། ཕ་རུ་ཤི་པ་རྣམས་ཀྱིས་ཐོས་ནས། དེ་རྣམས་དང་བླ་ཆེན་གྱིས་ལས་སྣེ་པ་རེ་ཁོང་འཛིན་དུ་བཏང་ངོ་། ༣༣ ཡེ་ཤུས་འདི་སྐད་དུ། ད་དུང་ང་ཁྱེད་མཉམ་རེ་ཞིག་ཡོད། དེ་ནས་ང་མངགས་མཁན་གྱི་དྲུང་དུ་འགྲོའོ། ༣༤ ཁྱེད་ཀྱིས་ང་བཙལ་ཡང་མི་རྙེད། ང་ཡོད་སར་ཁྱེད་མི་སླེབས་གསུངས་པས། ༣༥ ཡ་ཧུ་དཱ་པ་རྣམས་ཀྱིས་གླེང་ཞིང་། མི་འདི་ང་ཚོར་མི་ཐོབ་ས་གང་དུ་འགྲོ། ཧེལ་ལེན་ཡུལ་དུ་གྱེས་ཡོད་པ་རྣམས་ཀྱི་རྩར་སོང་སྟེ། ཧེལ་ལེན་པ་ཚོར་ཆོས་འཆད་འོང་ངམ། ༣༦ ཁྱེད་ཀྱིས་ང་བཙལ་ཡང་མི་རྙེད། ང་ཡོད་སར་ཁྱེད་མི་སླེབས་ཅེས་གསུངས་པའི་དོན་ཅི་ཡིན་སྨྲས་སོ༎
༣༧ དུས་ཆེན་བཤོལ་བའི་ཞག་ཆེན་པོར། ཡེ་ཤུ་བཞེངས་ནས་མངོན་པར་བསྒྲགས་ཤིང་། སུ་སྐོམ་པ་དེ་ངའི་དྲུང་དུ་ཤོག་ལ་འཐུང་ཞིག ང་ལ་དད་པ་བྱེད་མཁན་དེས་འཐུང་ཞིག ༣༨ དེ་ནས་གསུང་རབ་ན་གསུངས་པ་བཞིན་ཁོའི་ནང་ནས་ཚེའི་ཆུའི་གཙང་པོ་འབྲུབ་པར་འགྱུར་ཞེས་གསུངས་སོ། ༣༩ ཡེ་ཤུ་ད་དུང་གཟི་བརྗིད་ཀྱི་དཔལ་ནང་མ་གཤེགས་པས། ཐུགས་ཉིད་ཀྱང་མ་སྩལ་བས། འདི་ནི་ཁོང་ལ་དད་པ་བྱེད་པ་ཚོར་ཐོབ་རྒྱུ་ཡིན་པའི་ཐུགས་ཉིད་ལ་གཟིགས་ནས་གསུངས་སོ༎
༤༠ མི་ཚོགས་ཀྱི་ནང་ནས་ལ་ལས་ཐོས་ནས། འདི་ནི་བདེན་པར་ལུང་སྟོན་པ་དེ་ཡིན་ནོ་སྨྲས་སོ། ༤༡ ལ་ལས་མཱ་ཤི་ཀ་ཁོང་རང་ཡིན་སྨྲས་སོ། ལ་ལས་མཱ་ཤི་ཀ་ག་ལིལ་ནས་འབྱུང་ངམ། ༤༢ མདོ་ན། མཱ་ཤི་ཀ་དཱ་བིད་ཀྱི་ཡུལ་བེད་ལེ་ཧེམ་དང་། དཱ་བིད་ཀྱི་གདུང་བརྒྱུད་ནས། འབྱུང་བར་འགྱུར་ཞེས་གསུངས་མི་འདུག་གམ་ཞེས་སྨྲ་ཞིང་། ༤༣ མི་ཚོགས་ཀྱི་ཁྲོད་དུ་ཁོང་གི་སྐོར་མི་མཐུན་པ་བྱུང་ངོ་། ༤༤ ཁ་ཅིག་གིས་ཁོང་འཛིན་འདོད་ནའང་། སུས་ཀྱང་ཁོང་ལ་མ་རེག་གོ།
༤༥ ལས་སྣེ་པ་རྣམས་བླ་ཆེན་དང་ཕ་རུ་ཤི་པའི་རྩར་ལོག་བསླེབས་པ་དང་། ཁོ་འཁྲིད་མ་འོངས་སམ་སྨྲས། ༤༦ ལས་སྣེ་པ་ཚོས་མི་འདིས་སྨྲ་བ་ལྟར་ད་བར་སུས་ཀྱང་མ་སྨྲས་སོ་ཟེར་བས། ༤༧ ཕ་རུ་ཤི་པ་ཚོས་ཁྱེད་ཀྱང་བློ་འཁྱར་རམ། ༤༨ དཔོན་པོའམ་ཕ་རུ་ཤི་པ་གཅིག་གིས་ཀྱང་ཁོ་ལ་དད་པ་བྱས་སམ། ༤༩ བཀའ་ཁྲིམས་མི་ཤེས་པའི་མི་ཚོགས་ནི་དམོད་ཕོག་པ་ཡིན་སྨྲས་སོ། ༥༠ དཔོན་པོ་ཚོ་ལས་གཅིག་ཡིན་པ། ཡེ་ཤུའི་དྲུང་དུ་འོངས་པའི་ནི་ཀོ་དེམ་གྱིས། ༥༡ ང་ཚོས་བཀའ་ཁྲིམས་ལྟར། མི་ཞིག་གི་རྒྱུ་རྐྱེན་ལ་མི་ཉན་ཅིང་། དེས་ཅི་བྱེད་པར་མ་བརྟགས་པར་ཁྲིམས་གཏོང་ཆོག་གམ་སྨྲས་པས། ༥༢ དེ་ཚོས། ཁྱོད་ཀྱང་ག་ལིལ་པ་ཡིན་ནམ། འཚོལ་ཞིག་དང་། ག་ལིལ་ནས་ལུང་སྟོན་པ་མི་འབྱུང་ཞེས་རྟགས་པར་འགྱུར་སྨྲས་སོ༎