༨
དེ་ཚོ་རེ་རེ་བཞིན་ཁྱིམ་དུ་སོང་། འོན་ཀྱང་ཡེ་ཤུ་ཁ་སྐྱུར་པོའི་རི་ལ་ཕེབས། ༢ སྔ་དྲོ་སྔ་བར་མཆོད་ཁང་དུ་སླར་ཕེབས་པ་དང་། མི་ཐམས་ཅད་དྲུང་དུ་འོངས། ཁོང་གདན་ཆགས་ནས་གསུང་ཆོས་གནང་ངོ་། ༣ མཁན་པོ་དང་ཕ་རུ་ཤི་པ་རེས་ལོག་གཡེམ་བྱེད་མུར་བཟུང་བའི་བུད་མེད་ཅིག་འཁྲིད་དེ་འོངས་ནས། དཀྱིལ་དུ་བསླངས་ནས། ཁོང་ལ། ༤ སྟོན་པ། ལོག་གཡེམ་བྱེད་པའི་སྒང་ལ་བུད་མེད་འདི་བཟུང་ངོ་། ༥ བཀའ་ཁྲིམས་ནང་མོ་ཤེས་ང་ཚོར་འདི་འདྲ་བ་རྡོ་རུབ་ལ་གཏོང་བའི་བཀའ་གནང་ངོ་། ཁྱེད་ཀྱིས་མོའི་སྐོར་ལ་ཅི་གསུང་ཞུས། ༦ དེ་ནི་སྙད་འདོགས་ནས་གླགས་རྙེད་པའི་ཕྱིར་ཁོང་གི་ཐུགས་སད་ཕྱིར་ཞུས་ཏེ། ཡེ་ཤུ་དབུ་སྒུར་ནས། སའི་སྟེང་ཕྱག་མཛུབ་ཀྱིས་རི་མོ་འབྲི་ཞིང་བཞུགས་སོ། ༧ དེ་ཚོས་ཡང་ཡང་བཀའ་འདྲི་ཞུས་པ་དང་། སྐུ་སྲངས་ནས། ཁྱེད་ཚོའི་ནང་ནས་སྡིག་པ་མེད་པ་དེས། དང་པོར་ཁོ་ལ་རྡོ་རྒྱོབས་ཤིག་གསུངས་ནས། ༨ སླར་དབུ་སྒུར་ནས་སའི་ཁར་རི་མོ་འབྲི་བར་མཛད་དོ། ༩ གསུང་དེ་ཐོས་ནས། རྒན་ཤོས་ནས་མན་ཆད་མི་རེ་རེ་བཞིན་ལོག་སོང་ནས་བུད་མེད་དེ་དང་ཡེ་ཤུ་གཅིག་པོར་ལུས་སོ། ༡༠ ཡེ་ཤུས་དབུ་བཏེགས་ནས་དེ་ལ། བུ་མོ། དེ་རྣམས་གར་སོང་། སུས་ཀྱང་ཁྲིམས་མ་བཅད་དམ་གསུངས་སོ། ༡༡ མོས། སུས་ཀྱང་མ་བཅད་ལགས་ཞུས་སོ། ཡེ་ཤུས། ངས་ཀྱང་མི་གཅོད་དོ། སོང་ལ། སླར་སྡིག་པ་མ་བྱེད་ཅིག་གསུངས་སོ༎༡༢ ཡེ་ཤུས་སླར་དེ་ཚོར། ང་ནི་འཇིག་རྟེན་གྱི་འོད་ཡིན། ངའི་རྗེས་སུ་འབྲང་བ་དེ་མུན་པའི་ནང་མི་འགྲུལ་བར། ཚེའི་འོད་དང་ལྡན་པར་འགྱུར་རོ། གསུངས་སོ། ༡༣ ཕ་རུ་ཤི་པས་ཁོང་ལ། ཁྱེད་ཀྱིས་རང་ལ་དཔང་པོ་བྱེད་པས། ཁྱེད་ཀྱིས་དཔང་པོ་བདེན་པར་མི་འཛིན་ཞུས་སོ། ༡༤ ཡེ་ཤུས་བཀའ་ལན་དུ། ངས་ང་གང་ནས་འོངས་པ་དང་གང་དུ་འགྲོ་བ་ཤེས་པས། རང་ལ་དཔང་པོ་བྱེད་ན། དེ་བདེན་པ་ཡིན། ཁྱེད་ཀྱིས་ང་གང་ནས་འོངས་པ་དང་གང་དུ་འགྲོ་བ་མི་ཤེས་སོ། ༡༥ ཁྱེད་ཀྱིས་མིའི་ལུགས་སུ་གཤགས་བྱེད། ངས་སུ་ལའང་གཤགས་མི་བྱེད། ༡༦ ངས་གཤགས་བྱེད་ན། ང་གཅིག་པུ་མིན་ཏེ། ང་མངགས་པའི་ཡབ་དང་ང་མཉམ་དུ་ཡོད་པས། གཤགས་བྱེད་པ་བདེན་པ་ཡིན་ནོ། ༡༧ ཁྱེད་ཀྱི་བཀའ་ཁྲིམས་ནང་གཉིས་ཀྱི་དཔང་པོ་བདེན་པ་ཡིན་བྲིས་འདུག ༡༨ ངས་ང་རང་ལ་དཔང་པོ་བྱེད། ང་མངགས་པའི་ཡབ་ཀྱིས་ཀྱང་ང་ལ་དཔང་པོ་མཛད་དོ་གསུངས་སོ། ༡༩ དེ་ཚོས། ཁྱེད་ཀྱི་ཡབ་ག་ན་ཡོད་ཞུས་པའི་ལན་དུ། ཁྱེད་ཀྱིས་ངའང་མི་ཤེས། ངའི་ཡབ་ཀྱང་མི་ཤེས་སོ། ང་ཤེས་པ་ཡིན་ན། ངའི་ཡབ་ཀྱང་ཤེས་པ་ཡིན། ༢༠ ཞེས་མཆོད་ཁང་གི་གཏེར་མཛོད་དུ་གསུང་ཆོས་སྟོན་ཞིང་གསུངས་ཀྱང་། ད་དུང་ཁོང་གི་དུས་ཚོད་མ་རན་པས། སུས་ཀྱང་ཁོང་མ་བཟུང་ངོ་༎
༢༡ སླར་དེ་ཚོར། ང་འགྲོ་སྟེ། ཁྱེད་ཚོས་ང་འཚོལ་འོང་། ཡང་ཁྱེད་ཚོ་རང་གི་སྡིག་པའི་ནང་འཆི་འོང་། ང་འགྲོ་སར་ཁྱེད་འོང་བར་མི་ཐུབ་གསུངས་པས། ༢༢ ཡ་ཧུ་དཱ་པ་རྣམས་ཀྱིས་ཕན་ཚུན། དེས་ང་འགྲོ་སར་ཁྱེད་འོང་མི་ཐུབ་ཟེར་བས། རང་སྲོག་རང་གིས་གཅོད་དམ། ༢༣ ཁོང་གིས་དེ་ཚོར། ཁྱེད་ནི་འོག་ནས་ཡིན། ང་ནི་སྟེང་ནས་ཡིན། ཁྱེད་འཇིག་རྟེན་པ་ཡིན་ཏེ། ང་ནི་མིན། ༢༤ དེའི་ཕྱིར་ངས་ཁྱེད་ལ། ཁྱེད་ཚོ་རང་གི་སྡིག་པའི་ནང་འཆི་འོང་ཟེར་རོ། ཁྱེད་ཚོས་ང་དེ་ཉིད་ཡིན་པ་ལ་མི་དད་ན། རང་གི་སྡིག་པའི་ནང་འཆི་བར་འགྱུར་རོ། གསུངས་པས། ༢༥ དེ་ཚོས། ཁྱེད་སུ་ཡིན་ཞུས་པས། ཡེ་ཤུས། ཐོག་མ་ནས་ངས་སྨྲས་པ་དེ་ཉིད་ང་ཡིན། ༢༦ ཁྱེད་ཀྱི་སྐོར་ང་ལ་ཟེར་རྒྱུ་དང་གཤགས་བྱེད་རྒྱུ་མང་པོ་ཡོད། འོན་ཀྱང་ང་མངགས་པ་ཁོང་དྲང་པོ་ཡིན་པས། ཁོང་ནས་ཐོས་པ་དེ་ངས་འཇིག་རྟེན་ལ་ཟེར་རོ་གསུངས་སོ། ༢༧ དཀོན་མཆོག་ཡབ་ཀྱི་སྐོར་གསུངས་པ་ནི། དེ་ཚོས་མ་གོའོ། ༢༨ ཡེ་ཤུས། ཁྱེད་ཀྱིས་མིའི་བུ་སྒྲེང་ཟིན་ནས། ང་ནི་དེ་ཉིད་ཡིན་པ་དང་། རང་ཉིད་ཀྱིས་ཅིའང་མི་བྱེད་པར། ཡབ་ཀྱིས་བསླབས་པ་བཞིན་ཟེར་བ་ཁྱེད་ཀྱིས་ཤེས་འོང་། ༢༩ ང་མངགས་མཁན་ང་མཉམ་ཡོད། ངས་རྟག་ཏུ་ཁོང་དགྱེས་པའི་བྱ་བ་བྱེད་པས། ཁོང་གིས་ང་མ་སྤངས་སོ། ༣༠ ཞེས་གསུངས་པས། མི་མང་པོས་ཁོང་ལ་དད་པ་བྱས་སོ༎
༣༡ ཡེ་ཤུས་དད་པར་གྱུར་པའི་ཡ་ཧུ་དཱ་པ་རྣམས་ལ་གསུངས་པ། ཁྱེད་ངའི་བཀའ་ལ་གནས་ན་ངའི་ཉེ་གནས་བདེན་པ་ཡིན། ༣༢ བདེན་པའི་ངོ་ཕྲོད་ནས། བདེན་པ་དེས་ཁྱེད་སྒྲོལ་བར་འགྱུར་གསུངས་སོ། ༣༣ ཡང་འགའ་རེས་ཞུ་ལན་དུ། ང་ཚོ་ཨབ་ར་ཧམ་གྱི་བུ་བརྒྱུད་ཡིན་ཏེ། ནམ་ཡང་ཚེ་གཡོག་མ་གྱུར་པས། སྒྲོལ་བར་འགྱུར་གསུང་བའི་དོན་ཅི་ལགས་ཞུས་པས། ༣༤ ཡེ་ཤུས། སྡིག་པ་བྱེད་པ་རྣམས་སྡིག་པའི་ཚེ་གཡོག་ཡིན་ཞེས་ངས་བདེན་པར་ཟེར། ༣༥ ཚེ་གཡོག་གཏན་དུ་ཁང་པའི་ནང་མི་གནས་ཏེ། བུ་ནི་གཏན་དུ་གནས་སོ། ༣༦ སྲས་ཀྱིས་ཁྱེད་སྒྲོལ་ན། བདེན་པར་ཐར་འོང་། ༣༧ ཁྱེད་ཨབ་ར་ཧམ་གྱི་བུ་བརྒྱུད་ཡིན་བཞིན་དུ། ཁྱེད་ཚོའི་ཁོག་པའི་ནང་ངའི་བཀའ་ལ་གནས་ས་མེད་པས། ང་གསོད་ཐབས་འཚོལ་བ་ངས་ཤེས་སོ། ༣༨ ཁྱེད་ཚོས་རང་གི་ཕ་ནས་ཐོས་པ་བཞིན་དུ་བྱེད་པ་ལྟར། ངས་ངའི་ཡབ་ཀྱི་དྲུང་དུ་མཐོང་བ་དེ་སྨྲའོ་ཞེས་གསུངས་སོ༎
༣༩ ཞུ་ལན་དུ། ངེད་ཀྱི་ཕ་ཨབ་ར་ཧམ་ཡིན་ཞུས་པས། ཡེ་ཤུས། ཨབ་ར་ཧམ་གྱི་ཕྲུ་གུ་མིན། ཡིན་ཚེ། ཨབ་ར་ཧམ་གྱི་སྤྱོད་པ་ཡོད་དགོས། ༤༠ འོན་ཀྱང་ད་ལྟ་ཁྱེད་ཚོས། དཀོན་མཆོག་ནས་ཐོས་པའི་བདེན་པ་འཆད་པའི་མི་ང་གསོད་པར་རྩོམ་མོ། ཨབ་ར་ཧམ་གྱིས་འདི་ལྟར་མ་བྱས། ༤༡ ཁྱེད་ཚོས་རང་གི་ཕའི་སྤྱོད་པ་བྱེད་དོ་གསུངས་སོ། དེ་ཚོས། ང་ཚོ་ནལ་ཕྲུག་མིན། ང་ཚོར་ཕ་ཡོད་དེ་ནི་དཀོན་མཆོག་གོ་ཞུས་སོ། ༤༢ དཀོན་མཆོག་ཁྱེད་ཀྱི་ཡབ་མིན། ཡིན་ཚེ་ཁྱེད་ཚོས་ང་ལ་བྱམས་པ་བྱེད་དགོས། ང་དཀོན་མཆོག་ནས་བྱུང་ཞིང་འོངས། རང་བཞིན་གྱིས་མ་འོངས་ཀྱི། དཀོན་མཆོག་གིས་མངགས་སོ། ༤༣ ངས་སྨྲས་པ་རྣམས་ཁྱེད་ཀྱིས་ཅི་ལ་མི་གོ། ཉན་མི་བཟོད་པའི་རྐྱེན་གྱིས་སོ། ༤༤ ཁྱེད་ཚོའི་ཕ་བདུད་ཡིན་ཏེ། རང་གི་ཕའི་འདོད་པ་བཞིན་བྱེད་པར་དགའོ། བདུད་ནི་ཐོག་མ་ནས་མི་བསད་ཡིན་ཏེ། དེའི་ནང་བདེན་པ་མེད་པས། བདེན་པ་དང་འབྲེལ་མེད་དོ། བདུད་ནི་རྫུན་པ་དང་། རྫུན་གྱི་ཕ་ཡིན་པས། རྫུན་ཟེར་ཙ་ན། རང་གཤིས་ཀྱིས་ཟེར་རོ། ༤༥ ངས་ནི་བདེན་པ་སྨྲ་བས། ཁྱེད་ཚོ་ང་ལ་ཡིད་མི་ཆེས་སོ། ༤༦ ཁྱེད་ཚོའི་ནང་ནས་སུས་ང་ལ་སྡིག་ཅན་ཟེར་ནུས། ངས་བདེན་པ་ཟེར་བས། ཅིའི་ཕྱིར་ང་ལ་ཡིད་མི་ཆེས། ༤༧ དཀོན་མཆོག་གི་ཡིན་པ་དེས་དཀོན་མཆོག་གི་བཀའ་ལ་ཉན་ནོ། ཁྱེད་དཀོན་མཆོག་གི་མིན་པས་མི་ཉན་ནོ་གསུངས་སོ༎
༤༨ ཡ་ཧུ་དཱ་པ་ཚོས་ཞུ་ལན་དུ། ཁྱེད་ས་མར་ཡཱ་པ་འགོང་ཞུགས་ཤིག་ཡིན་ཞེས་ང་ཚོས་ཟེར་ན་མི་བདེན་ནམ་ཞུས་སོ། ༤༩ བཀའ་ལན་དུ། ང་འགོང་ཞུགས་མིན། ངས་ཡབ་ལ་བསྟོད་པས་ཁྱེད་ཚོས་ང་ལ་སྨད་དོ། ༥༠ ངས་ང་རང་གི་ཕྱིར་དཔལ་མི་འཚོལ། འཚོལ་མཁན་ཞིག་ཡོད་ཅིང་། ཁོང་ནི་ཞལ་ཆེ་བའོ། ༥༡ ངའི་བཀའ་བསྲུང་བ་དེས། ནམ་ཡང་འཆི་བ་མི་མྱོང་ཞེས་ངས་བདེན་པར་ཟེར་གསུངས་སོ། ༥༢ ཡ་ཧུ་དཱ་པ་ཚོས། ཁྱེད་འགོང་ཞུགས་ཡིན་པ་ད་ཤེས་སོ། ཨབ་ར་ཧམ་དང་ལུང་སྟོན་པ་རྣམས་གྲོངས། འོན་ཀྱང་ཁྱེད་ཀྱིས་ངའི་བཀའ་བསྲུང་བ་དེས། ནམ་ཡང་འཆི་བ་མི་མྱོང་ཟེར། ༥༣ ང་ཚོའི་ཡབ་ཨབ་ར་ཧམ་སྐུ་གཤེགས་ལས་ཀྱང་ཁྱེད་ཆེ་བ་ཡིན་ནམ། ལུང་སྟོན་པ་རྣམས་ཀྱང་གྲོངས་པས། ཁྱེད་སུ་ཡིན་སེམས་སོ་ཞུས་སོ། ༥༤ ཡེ་ཤུས་བཀའ་ལན་དུ། ངས་རང་བསྟོད་གཏོང་ན་བསྟོད་པ་མིན། ཁྱེད་ཚོས་ང་ཚོའི་དཀོན་མཆོག་ཞུ་བའི་ངའི་ཡབ་ཀྱིས་ང་ལ་བསྟོད་པར་མཛད་དོ། ༥༥ ཁྱེད་ཚོས་ཁོང་མི་ཤེས་ཀྱང་། ངས་ཤེས་སོ། ངས་མི་ཤེས་ཟེར་ན་ཁྱེད་ལྟར་རྫུན་སྨྲའོ། ངས་ཁོང་ཤེས་ཤིང་ཁོང་གི་བཀའ་སྲུང་ངོ་། ༥༦ ཁྱེད་ཚོའི་ཡབ་ཨབ་ར་ཧམ་ངའི་ཉིན་མོ་མཐོང་བ་ལ་དགའ་སྟེ། དེ་མཐོང་ནས་ཡི་རངས་སོ། གསུངས་པས། ༥༧ ཡ་ཧུ་དཱ་པ་ཚོས། ད་དུང་ལོ་ལྔ་བཅུ་མ་ལོན་པར། ཨབ་ར་ཧམ་མཐོང་བྱུང་ངམ་ཞུས་སོ། ༥༨ ཡེ་ཤུས། ང་ནི་ཨབ་ར་ཧམ་མ་སྐྱེས་པའི་སྔོན་ནས་ཡིན་གསུངས་སོ། ༥༩ དེ་ཚོས་ཁོང་ལ་རྒྱབ་ཕྱིར་རྡོ་བླངས་ཀྱང་། ཡེ་ཤུ་མི་སྣང་བས་མཆོད་ཁང་ནས་ཕྱིར་ཐོན་ཏོ༎