ལམ་བར་དུ་སྐྱེས་དུས་ནས་ལོང་བ་ཡིན་པའི་མི་དམུས་ལོང་ཞིག་གཟིགས་པ་དང་།  ཉེ་གནས་རྣམས་ཀྱིས། སྟོན་པ་ལགས། ཁོ་རང་ངམ་ཁོའི་ཕ་མ་གང་ཞིག་གི་སྡིག་པ་བྱས་པའི་རྐྱེན་གྱིས་ཁོ་ལོང་བར་སྐྱེས་པ་ཡིན་ཞུས་སོ།  ཡེ་ཤུས་བཀའ་ལན་དུ། མི་འདིས་སྡིག་པ་བྱས་པས་ཀྱང་མ་ཡིན། ཕ་མས་བྱས་པས་ཀྱང་མ་ཡིན། ཁོའི་སྒོ་ནས་དཀོན་མཆོག་གི་མཛད་པ་མངོན་པར་འགྱུར་བའི་ཕྱིར་ཡིན་ནོ།  ང་མངགས་མཁན་གྱི་ཕྲིན་ལས་ཉིན་མོར་སྒྲུབ་དགོས། སུས་ཀྱང་བྱ་བ་སྒྲུབ་མི་ཐུབ་པའི་མཚན་མོ་འོང་ངོ་།  ང་འཇིག་རྟེན་དུ་ཡོད་རིང་ང་འཇིག་རྟེན་གྱི་འོད་དེ་ཡིན།  ཞེས་གསུངས་ནས། ས་ལ་ལྗགས་ཆབ་དོར་ཏེ། དེ་ལ་འཇིམ་པ་མཛད་ནས། ལོང་བ་དེའི་མིག་ཏུ་བྱུགས་ནས་དེ་ལ།  སོང་ལ། ཤི་ལོ་ཨ། བོད་སྐད་དུ། མངགས་པ་བྱ་བའི་རྫིང་བུར་ཁྲུས་ཤིག་གསུངས་པས། ཁོ་སོང་ནས་མིག་ཁྲུས་པས། ཁོས་མཐོང་ཞིང་འོངས་སོ།  ཁྱིམ་མཚེས་དང་སྔར་ཁོ་སྤྲང་པོ་ཡིན་པར་མཐོང་བ་རྣམས་ཀྱིས། འདི་ནི་སློང་ཞིང་སྡོད་མཁན་དེ་མིན་ནམ་ཞེས་སྨྲས་སོ།  ལ་ལས་དེ་ཡིན། ལ་ལས་མིན་ཁོ་འདྲ་བ་གཞན་ཞིག་ཡིན་ནོ་སྨྲས་སོ། ཁོས་དེ་ང་རང་ཡིན་སྨྲས་པས། ༡༠ དེ་ཚོས། འོ་ན་ཁྱོད་ཀྱི་མིག་ཅི་ལྟར་བྱེ་ཟེར་རོ། ༡༡ ཁོས་ལན་དུ། ཡེ་ཤུ་ཞུ་བའི་སྐྱེས་བུ་དེས། ངའི་མིག་ལ་འཇིམ་པ་བྱུགས་ཏེ། ཤི་ལོ་ཨའི་རྫིང་བུར་སོང་ལ་ཁྲུས་ཤིག་གསུངས་པས། ང་དེར་སོང་ནས་ཁྲུས་པས་མཐོང་བྱུང་སྨྲས་སོ། ༡༢ དེ་ཚོས། ཁོང་ག་རུ་ཡོད་ཅེས་དྲིས་པས། ང་ལ་རྒྱུས་མེད་སྨྲས་སོ༎
༡༣ དེ་ཚོས་སྔར་ལོང་བ་ཡིན་པ་དེ་ཕ་རུ་ཤི་པ་རྣམས་ཀྱི་རྩར་འཁྲིད་དེ། ༡༤ ཡེ་ཤུས་འཇིམ་པ་མཛད་ནས་མིག་ཕྱེས་པའི་ཞག་ཤབ་བཱད་ཡིན་པས། ༡༥ ཕ་རུ་ཤི་པས་ཀྱང་དེ་ལ། ཇི་ལྟར་མཐོང་དྲིས་ནས། ཁོས། ཁོང་གིས་ངའི་མིག་ལ་འཇིམ་པ་བྱུགས་ཏེ། ངས་ཁྲུས་པས་མཐོང་ངོ་ལབ་པས། ༡༦ ཕ་རུ་ཤི་པ་ལ་ལས། མི་འདིས་ཤབ་བཱད་མི་སྲུང་བས། དཀོན་མཆོག་གི་ཕྱོགས་ནས་མིན་ནོ་སྨྲས་སོ། ལ་ལས་སྡིག་ཅན་ཞིག་གིས་འདི་འདྲའི་ལྟས་ཇི་ལྟར་སྟོན་ནུས་ཟེར་ཞིང་མི་མཐུན་པ་བྱུང་ངོ་། ༡༧ སླར་ལོང་བར། མི་དེས་ཁྱོད་ཀྱི་མིག་ཕྱེས་པས། ཁོའི་སྐོར་ལ་ཁྱོད་ཀྱིས་ཅི་ཟེར་དྲིས་པས། ཁོང་ལུང་སྟོན་པ་ཡིན་ནོ་སྨྲས་སོ༎
༡༨ ཡ་ཧུ་དཱ་པ་ཚོས་མི་དེ་སྔར་ལོང་བ་ཡིན་ཏེ་ད་མཐོང་བ་ལ་ཡིད་མ་ཆེས་ནས། དེའི་ཕ་མ་བོས་ཏེ། ༡༩ དེ་གཉིས་ལ། དམུས་ལོང་ཡིན་ཟེར་བ་འདི་ཁྱེད་ཀྱི་བུ་ཡིན་ནམ། ད་ལྟ་ཇི་ལྟར་མཐོང་ཞེས་དྲིས་སོ། ༢༠ ཕ་མས་ལན་དུ། འདི་ང་ཚོའི་བུ་ཡིན་པ་དང་། དམུས་ལོང་ཡིན་པ་ང་ཚོས་ཤེས་སོ། ༢༡ ད་ལྟ་ཇི་ལྟར་མཐོང་། མིག་སུས་ཕྱེས་ང་ཚོས་མི་ཤེས། ཁོ་ལོ་ལོན་པ་ཡིན་ཏེ། ཁོ་ལ་དྲིས། ཁོ་རང་གིས་བཤད་འོང་སྨྲས་སོ། ༢༢ ཡ་ཧུ་དཱ་པ་ཚོས། ཁོང་མཱ་ཤི་ཀ་ཡིན་པར་ཁས་ལེན་པ་ཐམས་ཅད། འདུ་ཁང་གི་ཁྱུ་ནས་འབུད་པ་ཐག་བཅད་པའི་རྐྱེན་གྱིས། ཕ་མ་འཇིགས་ནས། ༢༣ ཁོ་ལོ་ལོན་པ་ཡིན་ཏེ། ཁོ་ལ་དྲིས་སྨྲས་སོ། ༢༤ དེ་ཚོས་སྔར་ལོང་བ་ཡིན་པ་དེ་ཡང་སྐྱར་བོས་ནས་འདི་སྐད་དུ། དཀོན་མཆོག་ལ་བསྟོད་ཅིག མི་དེ་སྡིག་ཅན་ཡིན་པར་ང་ཚོས་ཤེས་སོ་སྨྲས་པའི་ལན་དུ་དེས། ༢༥ ཁོང་སྡིག་ཅན་ཡིན་ནམ་མིན་ངས་མི་ཤེས། སྔར་ང་ལོང་བ་ཡིན་ཏེ། ད་ལྟ་མཐོང་ཐུབ་བོ། འདི་འབའ་ཞིག་ངས་ཤེས་སྨྲས་སོ། ༢༦ དེ་ཚོས། ཁོས་ཁྱོད་ལ་ཅི་བྱས། མིག་ཇི་ལྟར་ཕྱེས་དྲིས་པའི་ལན་དུ། ༢༧ ངས་ཁྱེད་ལ་ལན་གཅིག་བཤད་ནས་མ་ཉན། ཅི་ལ་ཡང་སྐྱར་ཐོས་པར་དགའ། ཁྱེད་ཀྱང་ཁོང་གི་སློབ་མར་འགྱུར་འདོད་དམ་ཟེར་བས། ༢༨ དེ་ཚོས་ཁ་ངན་བཏང་ནས་ཁོ་ལ། ཁྱོད་ཁོའི་སློབ་མ་ཡིན། ང་ཚོ་མོ་ཤེའི་སློབ་མ་ཡིན། ༢༩ དཀོན་མཆོག་གིས་མོ་ཤེ་ལ་གསུང་གླེང་མཛད་པ་ང་ཚོས་ཤེས་སོ། མི་འདི་ག་ནས་ཡིན་མི་ཤེས་ཟེར་ཏོ། ༣༠ མི་དེས་ལན་དུ། ཁོང་གིས་ངའི་མིག་ཕྱེས་པ་བས། ཁྱེད་ཀྱིས་ཁོང་ག་ནས་ཡིན་མི་ཤེས་པ་དེ་ངོ་མཚར་ཆེའོ། ༣༡ སྡིག་ཅན་ལ་དཀོན་མཆོག་གིས་མི་གསན་ཞིང་། ཁོང་ལ་རྟེན་ཅིང་ཐུགས་དགོངས་བཞིན་དུ་སྒྲུབ་པ་དེ་ལ་གསན་པ་ང་ཚོས་ཤེས་སོ། ༣༢ སུ་ཞིག་གིས་དམུས་ལོང་གི་མིག་ཕྱེས་པ། འཇིག་རྟེན་ཆགས་ཚུན་ཐོས་ལོ་མེད། ༣༣ སྐྱེས་བུ་འདི་དཀོན་མཆོག་གི་ཕྱོགས་ནས་མིན་ན། ཅིའང་བྱེད་མི་ཐུབ་སྨྲས་སོ། ༣༤ དེ་ཚོས། ཁྱོད་སྡིག་པའི་ནང་ཡོངས་སུ་སྐྱེས་ཏེ། ང་ཚོར་བསླབ་བྱ་གཏོང་ངམ་ཟེར་ཞིང་། ཁོ་བཏོན་ནོ༎
༣༥ དེ་ཚོས་ཁོ་བཏོན་པ་ཡེ་ཤུས་གསན་ནས། ཁོ་དང་འཕྲད་དེ་དཀོན་མཆོག་གི་སྲས་ལ་དད་པ་བྱེད་དམ་གསུངས་པས། ༣༦ དེས་ཞུ་ལན་དུ། གཙོ་བོ་ལགས། ཁོང་སུ་ཡིན། ངས་དད་པར་བྱའོ་ཞུས་སོ། ༣༧ ཡེ་ཤུས། ཁྱོད་ཀྱིས་ཁོང་མཇལ། ཁྱོད་དང་གཏམ་བྱེད་པ་དེ་ཁོང་ཡིན་གསུངས་སོ། ༣༨ དེས། གཙོ་བོ། ངས་དད་པ་བྱེད་དོ་ཞུས་ནས། ཁོང་ལ་ཕྱག་བཙལ་ཏོ༎
༣༩ ཡེ་ཤུས། ལོང་བས་མཐོང་བ་དང་། མཐོང་མཁན་ལོང་བར་འགྱུར་ཕྱིར། ང་ཞལ་ཆེ་གཅོད་དུ་འཇིག་རྟེན་ལ་འོངས་གསུངས་སོ། ༤༠ ཁོང་མཉམ་དུ་ཡོད་པའི་ཕ་རུ་ཤི་པ་འགའ་རེས་དེ་ཐོས་ནས། ང་ཚོ་ལོང་བ་ཡིན་ནམ་ཞུས་སོ། ༤༡ ཡེ་ཤུས། ལོང་བ་ཡིན་ན་སྡིག་པ་མེད། ད་ལྟ་ཁྱེད་ཚོས་མཐོང་ངོ་ཟེར་བས། སྡིག་པ་ལུས་སོ༎