༡༠
ལུག་རའི་ནང་དུ་སྒོ་ནས་མི་འོང་བར། ཕྱོགས་གཞན་ནས་འཛེགས་ཏེ་འོང་བ་དེ། རྐུན་མ་དང་ཇག་པ་ཡིན།  སྒོ་ནས་འོང་བ་དེ་ལུག་གི་རྫི་བོ་ཡིན་ཏེ།  སྒོ་སྲུང་གིས་དེ་ལ་སྒོ་ཕྱེ་སྟེ། ལུག་རྣམས་དེའི་སྐད་ལ་ཉན་ནོ། རང་གི་ལུག་མིང་ནས་འབོད་ཅིང་ཕྱི་རོལ་དུ་འཁྲིད་དོ།  རང་གི་ལུག་ཐམས་ཅད་བཏོན་ཟིན་པ་དང་། སྔོན་ལ་འགྲོ་སྟེ། ལུག་རྣམས་ཀྱིས་དེའི་སྐད་ངོ་ཤེས་པས། ཕྱི་བཞིན་འབྲང་ངོ་།  མི་ཡན་གྱི་སྐད་ངོ་མི་ཤེས་པས། དེའི་ཕྱི་བཞིན་མི་འབྲང་ཞིང་འབྲོས་སོ།  ཞེས་པའི་དཔེ་ཡེ་ཤུས་གསུངས་ཀྱང་། ཅི་གསུང་བ་མ་གོའོ༎
 ཡེ་ཤུས་སླར་དེ་ཚོར། ལུག་རའི་སྒོ་དེ་ང་ཡིན་ཞེས། བདག་གིས་ཁྱེད་ལ་བདེན་པར་ཟེར།  ང་ཡི་སྔོན་དུ་འོངས་པ་རྣམས། རྐུན་མ་ཇག་པ་ཡིན་པས་ན། ལུག་རྣམས་དེ་ལ་མ་ཉན་ཏོ།  ང་ནི་སྒོ་ཡིན་ང་རྒྱུད་ནས། ཞུགས་མཁན་ཐར་ཞིང་ཕྱི་ནང་རྒྱུ། འཚོ་བའི་རྩྭ་ཁ་འཕྲད་པར་འགྱུར། ༡༠ རྐུན་མ་རྐུ་དང་གསོད་པ་དང་། མེད་པར་བྱེད་པའི་དོན་དུ་འོངས། ང་ནི་ཚེ་མཐའ་མེད་པ་དེ། ལྷུག་པར་གཏོང་བའི་དོན་དུ་འོངས། ༡༡ ལུག་རྫི་བཟང་པོ་དེ་ང་ཡིན། ལུག་གི་དོན་དུ་རང་སྲོག་གཏོང་། ༡༢ ལུག་རྫི་མིན་པའི་གླ་པ་དེ། ལུག་གི་བདག་པོ་མ་ཡིན་པས། སྤྱང་ཀི་འོང་བར་མཐོང་བའི་ཚེ། ལུག་རྣམས་བོར་ནས་འབྲོས་འགྱུར་ཏེ། སྤྱང་ཀིས་འཁྱེར་ཞིང་གཏོར་བར་བྱེད། ༡༣ ཁོ་ནི་གླ་པ་ཡིན་པས་ན། ལུག་ཕྱིར་བདག་གཅེས་མེད་པས་འབྲོས། ༡༤-༡༥ ལུག་རྫི་བཟང་པོ་དེ་ང་ཡིན། ཇི་ལྟར་ཡབ་ཀྱིས་ང་ངོ་མཁྱེན། ཡབ་ཀྱི་ཞལ་ངོ་ངས་ཤེས་ལྟར། ང་ཡི་ཡིན་པ་ངས་ངོ་ཤེས། དེ་ཚོས་ང་ལ་ངོ་ཤེས་པས། དེ་ཚོའི་དོན་དུ་རང་སྲོག་གཏོང་། ༡༦ ལུག་ར་འདི་ལ་མི་གཏོགས་པའི། ལུག་གཞན་རྣམས་ཀྱང་ང་ལ་ཡོད། དེ་དག་རྣམས་ཀྱང་ངས་འཁྲིད་དགོས། དེ་ཚོས་ང་ཡི་སྐད་ལ་ཉན། རྫི་གཅིག་ཁྱུ་གཅིག་འགྱུར་བར་འགྱུར། ༡༧ ང་ཡིས་རང་གི་སྲོག་འབུལ་བས། ཡབ་ཀྱིས་ང་ལ་བྱམས་པ་མཛད། སྲོག་དེ་ཕུལ་ནས་ཕྱིར་བླང་ངོ་། ༡༨ གཞན་གྱིས་ངའི་སྲོག་མི་ལེན་གྱིས། ང་རང་གིས་ནི་དེ་གཏོང་ངོ་། ང་ལ་རང་སྲོག་གཏོང་དབང་ཡོད། ཕྱིར་ལོག་བླང་བའི་དབང་ཡང་ཡོད། ཡབ་ནས་བཀའ་སྩལ་དེ་ཐོབ་བོ། ཞེས་གསུངས་སོ༎
༡༩ ཞལ་གདམས་དེའི་རྐྱེན་གྱིས། ཡ་ཧུ་དཱ་པའི་ཁྲོད་དུ་སླར་མི་མཐུན་པ་བྱུང་ནས། ༢༠ མང་པོས། ཁོ་འགོང་པོ་ཞུགས་ཤིང་སྨྱོ་བས། ཅི་ཉན་སྨྲས། ༢༡ གཞན་རེས། གསུང་འདི་འགོང་ཞུགས་ཀྱི་རྒྱ་ལབ་མིན། འགོང་པོས་ལོང་བའི་མིག་འབྱེད་ནུས་སམ་སྨྲས་སོ༎
༢༢ དགུན་ཁ་ཡེ་རུ་ཤ་ལེམ་དུ་བསྔོ་བའི་དུས་ཆེན་གྱི་དུས་སུ། ༢༣ ཡེ་ཤུ་མཆོད་ཁང་དུ་ཤ་ལོ་མོའི་ཡབ་རིང་ནང་འཆག་པ་དང་། ༢༤ ཡ་ཧུ་དཱ་པ་རྣམས་ཁོང་ལ་འཁོར་ནས། ནམ་ཐུག་ང་ཚོ་ཐེ་ཚོམ་སྐྱེད་དུ་འཇུག ཁྱེད་མཱ་ཤི་ཀ་ཡིན་ན། གསལ་པོར་གསུང་ཞིག་ཞུས་སོ། ༢༥ ཡེ་ཤུས་བཀའ་ལན་དུ། ངས་སྨྲས་ཀྱང་ཁྱེད་ཚོ་ཡིད་མི་ཆེས་སོ། ཡབ་ཀྱི་མཐུ་ལས་བྱེད་པའི་ངའི་བྱ་བ་འདི་ཚོས། ང་ལ་དཔང་པོ་བྱེད་དོ། ༢༦ ཁྱེད་ངའི་ལུག་མིན་པས་ཡིད་མི་ཆེས་སོ། ༢༧ ངའི་ལུག་གིས་ངའི་སྐད་ལ་ཉན་ཏེ། ངས་དེ་རྣམས་ངོ་ཤེས་པས། ང་ལ་འབྲང་ངོ་། ༢༨ ངས་དེ་ཚོར་ཚེ་མཐའ་མེད་པ་གཏོང་བས། དེ་རྣམས་ནམ་ཡང་མི་འཆི། སུས་ཀྱང་ངའི་ལག་ནས་འཕྲོག་མི་ཐུབ་བོ། ༢༩ ང་ལ་དེ་རྣམས་སྩལ་བའི་ངའི་ཡབ་ཀུན་ལས་མཆོག་ཡིན་ཏེ། ཡབ་ཀྱི་ཕྱག་ནས་སུས་ཀྱང་འཕྲོག་མི་ཐུབ་བོ། ༣༠ ང་དང་ཡབ་གཅིག་ཡིན་ཞེས་གསུངས་སོ༎
༣༡ ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་རྡོ་རུབ་ལ་གཏོང་དུ་སླར་རྡོ་བླངས་ཏེ། ༣༢ ཡེ་ཤུས། ངས་ཁྱེད་ལ་ཡབ་ཀྱི་ཕྱོགས་ནས་ལས་བཟང་མང་པོ་བསྟན་པ་ཡིན། དེ་ལས་གང་གི་ཕྱིར་ང་རྡོ་རུབ་ལ་གཏོང་གསུངས་སོ། ༣༣ ཞུ་ལན་དུ། ལས་བཟང་གི་ཕྱིར་མིན་ཏེ། ཁྱེད་མི་ཡིན་བཞིན་དཀོན་མཆོག་ཡིན་སྨྲ་ཞིང་། སྐུར་པ་འདེབས་པས་རྡོ་རུབ་གཏོང་ངོ་ཞུས་སོ། ༣༤ ཡེ་ཤུས་བཀའ་ལན་དུ། ཁྱེད་ཀྱི་བཀའ་ཁྲིམས་ནང་ཁྱེད་རྣམས་དཀོན་མཆོག་ཡིན་ངས་སྨྲས། ཞེས་བྲིས་མི་འདུག་གམ། ༣༥ གསུང་རབ་བཤིག་མི་ཐུབ། དཀོན་མཆོག་གི་བཀའ་ཐོབ་པ་རྣམས་ལ་དཀོན་མཆོག་འདོགས་པ་ཡིན་ནོ། ༣༦ ངས་དཀོན་མཆོག་གི་སྲས་ཡིན་ཟེར་བས། ཡབ་ཀྱིས་འདམས་ནས། འཇིག་རྟེན་དུ་མངགས་པ་དེ་ལ། སྐུར་པ་འདེབས་སོ་སྨྲའམ། ༣༧ གལ་ཏེ་ངས་ངའི་ཡབ་ཀྱི་བྱ་བ་མི་བྱེད་ན་ང་ལ་ཡིད་མ་ཆེས་ཤིག ༣༨ ཇི་སྟེ་བྱེད་ན། ང་ལ་ཡིད་མི་ཆེས་ཀྱང་བྱ་བ་ལ་ཡིད་ཆེས་ཤིག དེ་ནས་ཡབ་ངའི་ནང་ཡོད་པ་དང་། ང་ཡབ་ཀྱི་ནང་དུ་ཡོད་པ་ཁྱེད་ཀྱིས་ཤེས་ཤིང་། ཁོང་དུ་ཆུད་པར་འགྱུར་གསུངས་སོ། ༣༩ དེ་ཚོས་སླར་ཁོང་འཛིན་པར་རྩམ་ཡང་། དེ་ཚོའི་ལག་ནས་ཐར་ཏོ༎
༤༠ ཁོང་སླར་ཡོར་དན་ཆུ་བོའི་ཕ་རོལ་དུ། ཡོ་ཧ་ནན་གྱིས་ཁྲུས་བཏང་སར་ཕེབས་ནས་བཞུགས་སོ། ༤༡ དེར་མི་མང་པོ་མཇལ་ནས། འདི་སྐད་དུ། ཡོ་ཧ་ནན་གྱིས་ལྟས་མ་བསྟན་ཀྱང་། སྐྱེས་བུ་འདིའི་སྐོར་དུ་བཤད་ཚད་བདེན་ནོ་ཟེར་ཞིང་། ༤༢ ཁོང་ལ་དད་པར་གྱུར་ཏོ༎