༡༡
མིར་ཡམ་དང་དེའི་ཨ་ཆེ་མར་ཐཱའི་ཡུལ་ཚོ་བེད་ཨན་ཡཱ་པ་ལཱ་ཟར་བྱ་བ་ན་བར་གྱུར་ཏོ། ༢ ན་བའི་ལཱ་ཟར་ནི། གཙོ་བོ་ལ་སྤོས་ཆུ་བྱུགས་ནས། ཁོང་གི་ཞབས་སྐྲས་ཕྱིས་པའི་མིར་ཡམ་གྱི་མིང་པོ་ཡིན་པས། ༣ སྲིང་མོ་གཉིས་ཀྱིས། གཙོ་བོ། ཁྱེད་ཀྱི་གཅེས་པའི་ལཱ་ཟར་ནའོ་ཞེས་ཞུ་ལོན་ཕུལ་ཏོ། ༤ ཡེ་ཤུས་དེ་གསན་ནས། ནད་འདི་འཆི་བའི་རྒྱུ་མ་ཡིན། དཀོན་མཆོག་གི་དཔལ་གྱི་ཕྱིར་དུ་ཡིན། དེའི་སྒོ་ནས་དཀོན་མཆོག་གི་སྲས་ལ་དཔལ་འབྱུང་ངོ་གསུངས་སོ། ༥ ཡེ་ཤུས་མར་ཐཱ་དང་དེའི་ནུ་མོ་དང་ལཱ་ཟར་ལ་བྱམས་པར་མཛད་དོ། ༦ ཁོ་ན་བ་གསན་ཀྱང་། ཁོང་བཞུགས་ཡོད་ས་དེར་ད་དུང་ཞག་གཉིས་བཞུགས་སོ། ༧ དེའི་རྗེས་སུ་ཉེ་གནས་རྣམས་ལ། སླར་ཡ་ཧུ་དཱ་ཡུལ་ལ་འགྲོའོ་གསུངས་ནས། ༨ དེ་ཚོས། སྟོན་པ། ཁ་སང་རང་ཡ་ཧུ་དཱ་པ་རྣམས་ཀྱིས་ཁྱེད་རྡོ་རུབ་ལ་གཏོང་བར་བརྩམས་ཀྱང་། དེར་སླར་ཕེབས་སམ་ཞུས་པས། ༩ བཀའ་ལན་དུ། ཉིན་མོ་གཅིག་ལ་ཆུ་ཚོད་བཅུ་གཉིས་མེད་དམ། ཉིན་མོ་ལ་འགྲུལ་བ་དེ། འཇིག་རྟེན་གྱི་འོད་མཐོང་བས། རྐང་པ་མི་འཁད་དོ། ༡༠ མཚན་མོར་འགྲུལ་བ་དེའི་ནང་ན་འོད་མེད་པས། རྐང་པ་འཁད་དོ། ༡༡ ཞེས་དང་། ང་ཚོའི་མཛའ་བོ་ལཱ་ཟར་གཉིད་ལ་སོང་ཡང་། ང་ཁོའི་གཉིད་སད་དུ་འགྲོའོ། གསུངས་པས། ༡༢ ཉེ་གནས་ཚོས། གཙོ་བོ། ཁོ་གཉིད་ལ་སོང་ཡོད་ན་ཕན་འོང་ཞུས་སོ། ༡༣ ཡེ་ཤུས་ཁོ་ཤི་བའི་སྐོར་དུ་གསུངས་ཀྱང་། དེ་ཚོས་ངལ་གསོའི་གཉིད་ཡིན་བསམས་པས། ༡༤ ཡེ་ཤུས་དེ་ཚོར་གསལ་པོར། ལཱ་ཟར་ཤིའོ། ༡༥ ཁྱེད་ཀྱིས་དད་པའི་ཕྱིར། ཁྱེད་ལ་ལྟ་སྟེ། ང་སྔོན་དུ་དེར་མེད་པས་དགའ་འོ། ད་ཤོག དེའི་རྩར་འགྲོའོ་གསུངས་པས། ༡༦ ཉེ་གནས་མཚེ་མའམ་ཐོ་མཱས་ཉེ་གནས་གཞན་རྣམས་ལ། ཁོང་དང་མཉམ་དུ་འཆི་བར་ང་ཚོའང་འགྲོའོ་སྨྲས་སོ༎༡༧ ཡེ་ཤུ་དེར་ཕེབས་ནས། ལཱ་ཟར་དུར་དུ་སྦས་ནས་ཞག་བཞི་སོང་བ་མཁྱེན་ཏོ། ༡༨ བེད་ཨན་ཡཱ་ནི། ཡེ་རུ་ཤ་ལེམ་དང་ཉེ་བར་དཔག་ཚད་གཅིག་ཙམ་ན་ཡོད་དེ། ༡༩ ཡ་ཧུ་དཱ་པ་མང་པོ་མར་ཐཱ་དང་མིར་ཡམ་ལ་མིང་པོའི་ཕྱིར་སེམས་གསོ་གཏོང་ཕྱིར་འོངས་སོ། ༢༠ མར་ཐཱས་ཡེ་ཤུ་ཕེབས་པ་ཐོས་ནས་བསུ་རུ་སོང་ཞིང་། མིར་ཡམ་ཁྱིམ་ན་བསྡད་དོ། ༢༡ མར་ཐཱས་ཡེ་ཤུ་ལ། གཙོ་བོ། ཁྱེད་འདིར་བཞུགས་ཡོད་པ་ཡིན་ན། ངའི་མིང་པོ་མ་ཤི་བ་ཡིན། ༢༢ ཁྱེད་ཀྱིས་དཀོན་མཆོག་ལ་ཅི་ཞུ་ནའང་གནང་བ་ངས་ཤེས་ཞུས་སོ། ༢༣ ཡེ་ཤུས། ཁྱོད་ཀྱི་མིང་པོ་གསོན་པོར་ལང་འོང་གསུངས་པས། ༢༤ མར་ཐཱས་མཐའ་མའི་ཉིན་མོར་ཐམས་ཅད་ལང་ཙ་ན། ཁོའང་ལང་བ་ངས་ཤེས་ཞུས་སོ། ༢༥ ཡེ་ཤུས། ལང་བ་དང་གསོན་པ་ཉིད་ནི་ང་ཡིན། སུའང་ང་ལ་དད་པ་དེ་འཆི་ནའང་གསོན་འོང་། ༢༦ གསོན་པ་དེ་ནམ་ཡང་མི་འཆིའོ། འདི་ལ་ཁྱོད་དད་དམ་གསུངས་སོ། ༢༧ མོས། དད་དོ་གཙོ་བོ་ལགས། ཁྱེད་དཀོན་མཆོག་གི་སྲས་མཱ་ཤི་ཀ་འཇིག་རྟེན་དུ་འབྱོན་པ་དེ་ཡིན་པར་དད་དོ༎
༢༨ ཞེས་ཞུས་ནས་སོང་སྟེ། གསང་བར་མིར་ཡམ་བོས་ཏེ། སྟོན་པ་ཕེབས་ཤིང་ཁྱོད་ལ་བཀའ་གནང་ངོ་སྨྲས་པ་དང་། ༢༩ མིར་ཡམ་ཐོས་པ་ཙམ་གྱིས་ལངས་ནས་ཁོང་གི་དྲུང་དུ་སོང་ངོ་། ༣༠ ཡེ་ཤུ་ད་དུང་ཡུལ་ཚོར་མ་ཕེབས་པར། མར་ཐཱས་མཇལ་ས་རུ་བཞུགས་ཡོད་དེ། ༣༡ ཁང་པར་མིར་ཡམ་ལ་སེམས་གསོ་གཏོང་བའི་ཡ་ཧུ་དཱ་པ་རྣམས་ཀྱིས། མིར་ཡམ་རིངས་པས་ལངས་ནས་འགྲོ་བ་མཐོང་བས། དུར་ཁུང་དུ་ངུ་རུ་འགྲོའོ་བསམས་ཏེ། ཕྱི་བཞིན་སོང་ངོ་། ༣༢ མིར་ཡམ་ཡེ་ཤུ་བཞུགས་སར་བསླེབས་ཏེ། མཇལ་བ་དང་ཞབས་ཀྱི་དྲུང་དུ་འགྱེལ་ཏེ། གཙོ་བོ། ཁྱེད་འདི་རུ་བཞུགས་ཡོད་པ་ཡིན་ན། ངའི་མིང་པོ་མ་ཤི་བ་ཡིན་ཞུས་སོ། ༣༣ མོ་དང་དེ་མཉམ་འོངས་པའི་ཡ་ཧུ་དཱ་པ་རྣམས་ངུ་བ་གཟིགས་ནས། ཤིན་ཏུ་ཐུགས་འཚེར་ཞིང་འཁྲུགས་ཏེ། ༣༤ ཁོ་ག་རུ་བཞག་ཡོད་གསུངས་པས། དེ་ཚོས་གཙོ་བོ། ཕེབས་ནས་གཟིགས་ཤིག་ཞུས་སོ། ༣༥ ཡེ་ཤུ་ཡང་བཤུམས་སོ། ༣༦ ཡ་ཧུ་དཱ་པ་ཚོས། ལྟོས། ཁོང་གིས་དེ་ལ་ཇི་ཙམ་བྱམས་སོ་སྨྲས་སོ། ༣༧ འོན་ཀྱང་ཁ་ཅིག་གིས། ལོང་བའི་མིག་ཕྱེ་མཁན་འདིས། ལཱ་ཟར་འཆི་བ་ལས་སྐྱོབ་མ་ཐུབ་བམ་སྨྲས་སོ༎
༣༨ ཡེ་ཤུ་སླར་ཐུགས་འཚེར་ཞིང་དུར་ཁུང་གི་རྩར་ཕེབས་སོ། དེ་ནི་རྡོ་ཆེན་པོས་བཀབ་ཡོད་པའི་བྲག་ཕུག་ཅིག་སྟེ། ༣༩ ཡེ་ཤུས་རྡོ་སྒྲིལ་ཞིག་གསུངས་པས། གཤིན་པོའི་སྲིང་མོ་མར་ཐཱས། གཙོ་བོ། ད་ཞག་བཞི་སོང་བས། དྲི་མ་བྲོ་ལས་ཆེ་ཞུས་པ་དང་། ༤༠ ཡེ་ཤུས། ཁྱོད་ཀྱིས་དད་པ་བྱེད་ན། དཀོན་མཆོག་གི་ནུས་མཐུ་མཐོང་འོང་ངས་མ་སྨྲས་སམ་གསུངས་པས། ༤༡ དེ་ཚོས་རྡོ་སྒྲིལ་ཏོ། ཡེ་ཤུས་ནམ་མཁར་གཟིགས་ཤིང་། ཡབ་ལགས། ཁྱེད་ཀྱིས་ང་ལ་གསན་པས། ངས་གཏང་རག་འབུལ་ལོ། ༤༢ ཁྱེད་ཀྱིས་རྟག་ཏུ་ང་ལ་གསན་པ་ངས་ཤེས་ཀྱང་། འཁོར་ཡོད་པའི་མི་ཚོགས་འདིས། ང་མངགས་མཁན་ནི་ཁྱེད་ཡིན་པར་དད་པའི་ཕྱིར། ཞུ་བ་འདི་འབུལ་ལོ། ༤༣ ཞེས་གསུངས་ཏེ། གསུངས་སྐད་ཆེན་པོས། ལཱ་ཟར། ཐོན་ཤོག གསུངས་སོ། ༤༤ རྐང་ལག་རས་ཀྱིས་བསྡམས་ནས། གདོང་ལ་ལག་ཕྱིས་བཏུམ་ཡོད་པར། གཤིན་པོ་ཐོན་འོངས་སོ། ཡེ་ཤུས་དེ་ཚོར། ཁོ་བཀྲོལ་ནས་འགྲོར་ཆུག་གསུངས་སོ༎
༤༥ མིར་ཡམ་གྱི་རྩར་འོངས་ནས། ཡེ་ཤུའི་མཛད་རྒྱ་མཐོང་བའི་ཡ་ཧུ་དཱ་པ་མང་པོས་ཁོང་ལ་དད་པ་བྱས་སོ། ༤༦ ཁ་ཅིག་ཕ་རུ་ཤི་པ་རྣམས་ཀྱི་རྩར་སོང་ནས། ཡེ་ཤུའི་མཛད་རྒྱུ་བཤད་པས། ༤༧ བླ་ཆེན་དང་ཕ་རུ་ཤི་པ་རྣམས་འཛོམས་ནས་གྲོས་བྱས་ཏེ། མི་འདིས་ལྟས་མང་པོ་སྟོན་པས། ཅི་བྱ། ༤༨ ཁོ་ལ་འདི་ལྟར་བྱེད་འཇུག་ན། ཐམས་ཅད་ཁོ་ལ་དད་པར་འགྱུར། ཡང་རོ་མཱ་པ་འོངས་ནས། ང་ཚོའི་གནས་དམ་པ་དང་མི་བརྒྱུད་རྣམས་ལེན་པར་འགྱུར་སྨྲས་སོ། ༤༩ ལོ་དེའི་བླ་ཆེན་ཡིན་པའི་ཀ་ཡ་ཕཱ་བྱ་བ་དེས། ཁྱེད་ཀྱིས་ཅིའང་མི་ཤེས་སོ། ༥༠ མི་བརྒྱུད་ཧྲིལ་པོ་མི་སྟོངས་པར། མི་སྡེའི་དོན་དུ་མི་གཅིག་འཆི་བ་དེ་ལེགས་པ་ཁྱེད་ཀྱིས་མི་ཤེས་སོ་ཞེས་སྨྲས་སོ། ༥༡ དེ་རང་བཞིན་གྱིས་མ་སྨྲས་ཀྱི་ལོ་དེའི་བླ་ཆེན་ཡིན་པས། ཡེ་ཤུ་མི་བརྒྱུད་ཀྱི་དོན་དུ་མ་ཟད། ༥༢ གྱེས་ཡོད་པའི་དཀོན་མཆོག་གི་སྲས་རྣམས་གཅིག་ཏུ་བསྡུ་བའི་ཕྱིར་འགྲོང་བའི་ལུང་བསྟན་པ་ཡིན་ནོ། ༥༣ དེ་ནས་ཕྱིན་དེ་ཚོས་ཁོང་འགྲོང་བའི་གྲོས་བྱས་པས། ༥༤ ཡེ་ཤུ་ཡ་ཧུ་དཱ་པའི་ཁྲོད་དུ་མི་རྒྱུ་ཞིང་། འབྲོག་སྟོང་དང་ཉེ་བའི་ཨེབ་ར་ཨིམ་བྱ་བའི་གྲོང་ཁྱེར་དུ་ཕེབས་ཏེ། ཉེ་གནས་དང་མཉམ་དུ་བཞུགས་སོ༎
༥༥ ཡ་ཧུ་དཱ་པའི་པེ་སག་གི་དུས་ཆེན་དང་ཉེ་བས། པེ་སག་ལས་སྔོན་ལ་ཕྱོགས་མི་མང་པོ་གཙང་སྦྲ་བྱེད་པར་ཡེ་རུ་ཤ་ལེམ་དུ་སོང་ངོ་། ༥༦ དེ་རྣམས་ཡེ་ཤུ་བཙལ་ཞིང་མཆོད་ཁང་ནང་ཡོད་པ་ལས། ཕན་ཚུན་གླེང་ཞིང་། ཅི་སེམས། དུས་ཆེན་ལ་མི་ཕེབས་སམ་ཟེར་ཏོ། ༥༧ སུ་ལ་ཡེ་ཤུ་བཞུགས་སའི་རྒྱུས་ཡོད་ན་ང་ཚོར་འཆད་དགོས་སོ་ཞེས་བླ་ཆེན་དང་ཕ་རུ་ཤི་པ་རྣམས་ཀྱིས། ཁོང་འཛིན་པའི་ཕྱིར་བཀའ་བཀོད་དོ༎