༡༢
པེ་སག་ལས་ཞག་དྲུག་གི་སྔོན་ལ། གཤིན་པོའི་ཁྲོད་ལས་བསླངས་པའི་ལཱ་ཟར་གྱི་ཡུལ་བེད་ཨན་ཡཱ་རུ་ཡེ་ཤུ་བྱོན་ནོ།  དགོངས་ཟས་བཤམས་ནས། མར་ཐཱས་འདྲེན་ཞིང་། ལཱ་ཟར་ཁོང་མཉམ་མགྲོན་པོའི་ཁྲོད་དུ་ཡོད་དོ།  མིར་ཡམ་གྱིས་ཤིན་ཏུ་རིན་ཆེ་བའི་སྤོས་ཆུ་དྭངས་མ་ཉ་ག་གསུམ་བླངས་ནས། ཡེ་ཤུའི་ཞབས་ལ་བསྐུས་ཏེ། སྐྲ་དང་མཉམ་ཕྱིས་པ་དང་། ཁང་པ་སྤོས་ཆུའི་དྲི་ཞིམ་གྱིས་གང་ངོ་།  ཁོང་འཛིན་དུ་འཇུག་པའི་ཉེ་གནས་ཡིན་པ་ཀར་ཡོད་པ་ཡུ་དཱས།  སྤོས་ཆུ་འདི་དངུལ་ཊཾ་གསུམ་བརྒྱ་ལ་བཙོངས་ནས་དབུལ་པོར་ཅི་ལ་མ་བཏང་།  ཞེས་དབུལ་པོ་ལ་བརྩེ་བས་མ་སྨྲས། ཁོ་རྐུན་མ་ཡིན་ཏེ། དངུལ་ཁུག་ཁོའི་ལག་ཏུ་ཡོད་ཅིང་། དེའི་ནང་དུ་བླུག་པ་རྣམས་ཁོས་ལོངས་སྤྱོད་པས་དེ་ལྟར་སྨྲས་སོ།  ཡེ་ཤུས། ཅོག་གེར་འཇོག ང་བསྐུང་བའི་ཉིན་མོའི་བར་སྤོས་ཆུ་འདི་འཇོག་ཏུ་ཆུག  དབུལ་པོ་རྒྱུན་དུ་ཁྱེད་རྩར་ལུས་ཀྱང་། ང་རྒྱུན་དུ་ཁྱེད་རྩར་མི་ལུས་གསུངས་སོ༎
 ཡ་ཧུ་དཱ་པའི་མི་ཚོགས་ཀྱིས་ཁོང་དེར་བཞུགས་པ་ཐོས་ནས། ཡེ་ཤུ་མ་ཟད། གཤིན་པོའི་ཁྲོད་ལས་བསླངས་པར་མཛད་པའི་ལཱ་ཟར་ལའང་བལྟ་རུ་འོངས་སོ། ༡༠-༡༡ ལཱ་ཟར་གྱི་རྐྱེན་གྱིས་ཡ་ཧུ་དཱ་པ་མང་པོ་སོང་ནས་ཡེ་ཤུ་ལ་དད་པ་བྱས་པས། བླ་ཆེན་དག་གིས་ལཱ་ཟར་ཡང་གསོད་པའི་ཇུས་བཤམས་སོ༎
༡༢ དེའི་སང་ཉིན་དུས་ཆེན་ལ་འོངས་པའི་མི་ཚོགས་ཀྱིས། ཡེ་ཤུ་ཡེ་རུ་ཤ་ལེམ་ལ་ཕེབས་པ་ཐོས་ནས། ༡༣ ཁ་ཟུར་ཤིང་གི་ཡལ་ག་འཁུར་ཏེ་གདན་བསུ་ཞུ་བར་ཐོན་ཏེ། ཧོ་ཤི་ཨན་ནཱ་༼བོད་སྐད་དུ་སྐྱབས་སུ་གསོལ།༽ གཙོ་བོའི་ཕྱོགས་ནས་འབྱོན་པའི་ཨིས་ར་ཨེལ་གྱི་རྒྱལ་པོ་བཀྲ་ཤིས་ཤོག་ཅེས་འབོད་བསྒྲགས་སོ། ༡༤-༡༥ མདོ་ན།
ཙི་ཨོན་བུ་མོ་མ་འཇིགས་ཤིག།
བོང་བུའི་ཀུ་རུག་ལ་ཆིབས་ཏེ༎
ཁྱོད་ཀྱི་རྒྱལ་པོ་ཕེབས་པ་ལྟོས༎
ཞེས་བྲིས་པ་བཞིན་དུ། བོང་གསར་ཞིག་ཐོབ་ནས་ཡེ་ཤུ་དེ་ལ་བཅིབས་སོ། ༡༦ ཉེ་གནས་རྣམས་ཀྱིས་འདིའི་དོན་སྔོན་ལ་མ་གོ་ནའང་། ཡེ་ཤུ་དཔལ་དང་ལྡན་པའི་རྗེས་སུ། གསུང་དེ་ཁོང་གི་སྐོར་བྲིས་ཡོད་པ་དང་། དེ་དག་གིས་ཁོང་ལ་དེ་བཞིན་དུ་བྱས་པ་དྲན་ནོ། ༡༧ ལཱ་ཟར་དུར་ཁུང་གི་ནང་ནས་བོས་ཏེ་གཤིན་པོའི་ཁྲོད་ནས་བསླངས་པའི་ཚེ་ཁོང་མཉམ་ཡོད་པའི་མི་ཚོགས་ཀྱིས་དཔང་པོ་བྱས་པས། ༡༨ མང་པོས་ཁོང་གིས་བསྟན་པའི་ལྟས་དེའི་སྐོར་ཐོས་ནས། ཁོང་གདན་བསུ་ཞུ་རུ་སོང་ངོ་། ༡༩ ཕ་རུ་ཤི་པ་རྣམས་ཀྱིས། མི་ཐམས་ཅད་ཁོའི་རྗེས་སུ་འབྲང་བས། ང་ཚོས་ཅི་བྱེད་ཀྱང་མི་ཕན་པར་མཐོང་ངོ་ཞེས་ཕན་ཚུན་སྨྲས་སོ༎
༢༠ དུས་ཆེན་གྱི་སྐབས་སུ་བསྙེན་བཀུར་བྱེད་དུ་འོངས་པའི་ཁྲོད་ན་ཧེལ་ལེན་པ་འགའ་རེ། ༢༡ ག་ལིལ་གྱི་བེད་ཙ་ཡི་དཱ་པ་ཕི་ལིབ་ཀྱི་རྩར་འོངས་ནས། ཇོ་བོ། ང་ཚོ་ཡེ་ཤུ་མཇལ་བར་འདོད་དོ་ཟེར་བ་དང་། ༢༢ ཕི་ལིབ་སོང་ནས་ཨན་དྲེ་ཨ་ལ་བཤད་དོ། ཨན་དྲེ་ཨ་དང་ཕི་ལིབ་སོང་ནས་ཡེ་ཤུ་ལ་ཞུས་སོ། ༢༣ ཡེ་ཤུས་དེ་གཉིས་ལ། མིའི་བུ་དཔལ་དང་ལྡན་པའི་དུས་ཚོད་རན། ༢༤ གྲོའི་འབྲུ་རྡོག་སའི་ནང་ལྷུང་ནས་མ་ཤི་ན་གཅིག་པོར་ལུས། ཤི་ན་འབྲས་བུ་མང་པོ་སྐྱེས་ཞེས་ངས་བདེན་པར་ཟེར། ༢༥ རང་སྲོག་ལ་གཅེས་པ་དེས་སྲོག་བརླག་པར་འགྱུར། འཇིག་རྟེན་འདིར་རང་སྲོག་ལ་མི་གཅེས་པ་དེས། ཚེ་མཐའ་མེད་པའི་ཕྱིར་སྲོག་སྐྱོབ་པར་འགྱུར། ༢༦ ང་ལ་ཞབས་ཏོག་ཞུ་འདོད་པ་དེ། ངའི་རྗེས་སུ་འབྲོངས་ཤིག ང་ཡོད་སར་ངའི་ཞབས་ཕྱིའང་ཡོད་པར་འགྱུར། ང་ལ་ཞབས་ཏོག་བྱེད་པ་དེ་ལ། ཡབ་ཀྱི་བཀུར་སྟི་མཛད་འོང་།
༢༧ ད་ངའི་སེམས་འཁྲུགས་སོ། ཡབ་ལགས། དུས་ཚོད་འདི་ལས་ང་སྐྱོབ་པར་མཛོད་ཅེས་ཞུའམ། མ་ཡིན་ཏེ། དོན་འདིའི་ཕྱིར་དུས་ཚོད་འདིའི་བར་ཐུག་ང་འོངས་པ་ཡིན། ༢༨ ཡབ་ལགས། ཁྱེད་ཉིད་དཔལ་དང་ལྡན་པར་མཛོད་ཅིག་གསུངས་པ་དང་། ནམ་མཁའ་ནས་དཔལ་དང་ལྡན་ཏེ། སླར་དཔལ་དང་ལྡན་པར་འགྱུར། ཞེས་པའི་སྒྲ་བྱུང་ངོ་། ༢༩ དེར་ཡོད་པའི་མི་ཚོགས་ཀྱིས་སྒྲ་ཐོས་ནས། ལ་ལས་འབྲུག་ལྡིར་བྱུང་སྨྲས་སོ། ལ་ལས་ཕོ་ཉས་གསུང་བྱོན་པ་ཡིན་སྨྲས་སོ། ༣༠ ཡེ་ཤུས། སྒྲ་འདི་ངའི་དོན་དུ་མ་འོངས་ཀྱིས། ཁྱེད་ཀྱི་དོན་དུ་འོངས་པ་ཡིན། ༣༡ ད་འཇིག་རྟེན་འདི་ལ་ཞལ་ཆེ་གཅད་པའི་དུས་ཡིན། ད་འཇིག་རྟེན་གྱི་དབང་པོ་ཕྱིར་བསྐྲད་འོང་། ༣༢ ས་གཞི་ལས་སྒྲེངས་ནས། མི་ཐམས་ཅད་ངའི་རྩར་འདྲེན་པར་བྱའོ། ༣༣ ཞེས་ཉིད་ཀྱི་འགྲོང་ལུགས་བསྟན་པར་མཛད་དོ། ༣༤ མི་ཚོགས་ཀྱིས། ང་ཚོས་བཀའ་ཁྲིམས་ལས། མཱ་ཤི་ཀ་རྒྱུན་དུ་བཞུགས་པར་འགྱུར་ཞེས་ཐོས་ཀྱང་། ཁྱེད་ཀྱིས་མིའི་བུ་སྒྲེང་བར་དགོས་གསུང་བ་དེ་ཅི་ཡིན། མིའི་བུ་དེ་སུ་ཡིན་ཞུས་པས། ༣༥ ཡེ་ཤུས། ད་དུང་རེ་ཞིག་ཁྱེད་ཀྱི་དཀྱིལ་དུ་འོད་ཡོད། མུན་པས་ཁྱེད་ལ་མི་ནོན་པའི་ཕྱིར། འོད་ཡོད་རིང་འགྲུལ་ཞིག མུན་པར་འགྲུལ་བ་དེས་གར་འགྲོ་བ་མི་ཤེས་སོ། ༣༦ འོད་ཡོད་རིང་དུ་འོད་ཀྱི་སྲས་ལ་འགྱུར་བའི་ཕྱིར། འོད་ལ་དད་པ་བྱོས་ཤིག་ཅེས་གསུངས་ཏེ། དེ་ཚོར་མི་སྣང་བར་བཞུགས་སོ༎
༣༧ ཡེ་ཤུས་དེ་ཚོའི་མདུན་དུ་ལྟས་དེ་ཙམ་སྟོན་པར་མཛད་ཀྱང་། ཁོང་ལ་དད་པ་མ་བྱས་པས། ༣༨ ལུང་སྟོན་པ་ཡེ་ཤ་ཡཱས། ཀྱེ་གཙོ་བོ།
ང་ཚོའི་ཕྲིན་ལ་སུས་ཡིད་ཆེས༎
གཙོ་བོའི་ཕྱག་ཀྱང་མི་མངོན་ནོ༎
ཞེས་གསུངས་པ་དེ་གྲུབ་བོ། ༣༩ ཡེ་ཤ་ཡཱས་སླར་འདི་སྐད་དུ།
༤༠ དེ་ཚོས་མིག་གིས་མི་མཐོང་ཕྱིར༎
དེ་ཚོས་སྙིང་གིས་མི་གོ་ཕྱིར༎
གསོ་རུ་ང་དྲུང་མི་འོངས་ཕྱིར༎
ཁོང་གིས་དེ་ཚོ་ལྡོངས་པར་མཛད༎
དེ་ཚོའི་སྙིང་ཡང་གྱོང་པོར་མཛད༎
ཞེས་གསུངས་པ་ལྟར། དེ་ཚོས་དད་པ་བྱེད་མ་ཐུབ་བོ། ༤༡ ཡེ་ཤ་ཡཱས་ཁོང་གི་དཔལ་མཐོང་ནས། ཁོང་གི་སྐོར་དེ་སྐད་སྨྲས་པ་ཡིན་ནོ། ༤༢ དེ་ནས་མི་མང་པོ་མ་ཟད་དཔོན་པོ་རེས་ཀྱང་ཁོང་ལ་དད་པ་ཞུས་མོད། འོན་ཀྱང་ཕ་རུ་ཤི་པས་འདུ་ཁང་གི་ཁྱུ་ནས་འབུད་པའི་འཇིགས་པས། ཁས་མ་བླངས་སོ། ༤༣ དེ་ཚོ་དཀོན་མཆོག་གི་བཀུར་སྟི་ལས། མིའི་བཀུར་སྟི་ལ་ལྷག་པར་ཆགས་པས་སོ༎
༤༤ དེ་ནས་ཡེ་ཤུས་གསུང་སྐད་ཆེན་པོས་འདི་སྐད་དུ། ང་ལ་དད་པ་བྱེད་པ་དེས། ང་ལ་དད་པ་མི་བྱེད་ཀྱིས། མངགས་མཁན་ཁོང་ལ་དད་པ་བྱེད། ༤༥ ང་ཉིད་སུས་མཐོང་དེ་ཡིས་ནི། ང་ཉིད་མངགས་མཁན་ཉིད་མཇལ་ལོ། ༤༦ ང་ལ་དད་པ་བྱེད་པ་རྣམས། མུན་པའི་ནང་དུ་མི་ལུས་ཕྱིར། ང་ནི་འོད་ལྟར་ས་གཞིར་འོངས། ༤༧ ང་ཡི་བཀའ་ཐོས་མི་སྲུང་ན། ཞལ་ཆེ་གཅོད་མཁན་ང་མིན་ནོ། ཞལ་ཆེ་གཅོད་དུ་ང་མ་འོངས། འཇིག་རྟེན་སྐྱོབ་ཏུ་ང་འོངས་སོ། ༤༨ སུ་ཡིས་ང་སྤངས་བཀའ་མི་བླང་། དེ་ལ་ཞལ་ཆེ་གཅོད་མཁན་ཡོད། ང་ཡི་ཞལ་གདམས་དེ་རང་གིས། མཐའ་མའི་ཉིན་མོར་ཞལ་ཆེ་གཅད། ༤༩ ངས་ནི་རང་གིས་ཅང་མ་སྨྲས། ཟེར་དགོས་པ་དང་བཤད་དགོས་པ། མངགས་པའི་ཡབ་ཀྱིས་བཀའ་གནང་ཡོད། ༥༠ ཁོང་གིས་གནང་བའི་བཀའ་དེ་ངས། ཚེ་མཐའ་མེད་པ་ཡིན་པར་ཤེས། མདོར་ན་ང་ཡིས་ཅི་སྨྲ་བ། ཡབ་ཀྱིས་གསུངས་བཞིན་སྨྲས་པའོ༎