༡༣
དུས་ཆེན་པེ་སག་གི་སྔོན་དུ། ཡེ་ཤུས་འཇིག་རྟེན་འདི་ནས་ཡབ་ཀྱི་དྲུང་དུ་གཤེགས་པའི་དུས་ལ་བབས་པ་མཁྱེན་ཞིང་། འཇིག་རྟེན་འདི་ན་ཁོང་གི་གང་ཡིན་པ་རྣམས་ལ་སྔར་ཡང་བྱམས་ཤིང་། དུས་མཐའ་མའི་བར་དུ་ཡང་བྱམས་པར་མཛད་དོ། ༢ ཤི་མོན་གྱི་བུ་ཀར་ཡོད་པ་ཡུ་དཱའི་སྙིང་ནང་། བདུད་ཀྱིས་ཁོང་དགྲར་གཏད་པའི་བསམ་པ་སྐྱེད་དོ། ༣ ཡེ་ཤུས་ཡབ་ཀྱིས་ཐམས་ཅད་ཁོང་ལ་བཏད་པ་དང་། ཁོང་ཉིད་དཀོན་མཆོག་ནས་བྱུང་སྟེ། དཀོན་མཆོག་གི་དྲུང་དུ་འཕགས་པར་མཁྱེན་ཏེ། གསོལ་བ་བཞེས་པའི་ཚེ། ༤ གྲལ་ནས་བཞེངས་ཤིང་། ན་བཟའ་ཕུད་དེ། ལག་ཕྱིས་སྐུ་རྐེད་ལ་དཀྲིས་ཤིང་། ༥ གཞོང་པའི་ནང་ཆུ་བླུགས་ནས། ཉེ་གནས་རྣམས་ཀྱི་རྐང་པ་འཁྲུད་ཅིང་། དཀྲིས་ཡོད་པའི་ལག་ཕྱིས་ཀྱིས་འཕྱིས་སོ། ༦ ཤི་མོན་པེ་ཏྲོའི་རྩར་ཕེབས་པ་དང་། དེས་གཙོ་བོ་ཁྱེད་ཀྱིས་ངའི་རྐང་པ་བཀྲུའམ་ཞུས་པས། ༧ ཡེ་ཤུས། ངས་བྱེད་པ་འདི་ཁྱོད་ཀྱིས་ད་ལྟ་མི་གོ་ཡང་། རྗེས་སུ་གོ་འོང་གསུངས་སོ། ༨ པེ་ཏྲོས། ཁྱེད་ཀྱིས་ངའི་རྐང་པ་བཀྲུ་བ་ནམ་ཡང་མི་རིགས་སོ། ཞུས་པས། ཡེ་ཤུས། ངས་ཁྱོད་མི་བཀྲུ་ན། ཁྱོད་ལ་ང་དང་མཉམ་འབྲེལ་བ་མེད་གསུངས་སོ། ༩ ཤི་མོན་པེ་ཏྲོས། གཙོ་བོ། ངའི་རྐང་པ་མ་ཟད་མགོ་ལག་ཀྱང་འཁྲུད་པར་མཛོད་ཞུས་སོ། ༡༠ ཡེ་ཤུས། ཁྲུས་བྱས་པས་ལུས་མི་དག་པ་མེད་པས་རྐང་པ་མ་གཏོགས་འཁྲུད་དགོས་མེད། ཁྱོད་དག་པ་ཡིན། འོན་ཀྱང་ཐམས་ཅད་ནི་དག་པ་མིན་གསུངས་སོ། ༡༡ ཁོང་དགྲར་གཏད་མཁན་དེ་མཁྱེན་པས། ཐམས་ཅད་ནི་དག་པ་མིན་གསུངས་སོ༎༡༢ དེ་ཚོའི་རྐང་པ་བཀྲུས་ཟིན་པ་དང་། ན་བཟའ་གསོལ་ནས། སླར་བཞུགས་ཏེ་དེ་ཚོར། ངས་ཁྱེད་ཚོར་ཅི་བྱས་པ་ཤེས་སམ། ༡༣ ཁྱེད་ཚོས་ང་ལ་སྟོན་པ་དང་གཙོ་བོ་ཟེར། ང་དེ་ཉིད་ཡིན་པས་དེ་ལེགས་པར་སྨྲས་སོ། ༡༤ གཙོ་བོ་དང་སྟོན་པ་ཡིན་བཞིན་དུ་ངས་ཁྱེད་ཚོའི་རྐང་པ་བཀྲུས་པས། ཁྱེད་ཚོས་ཀྱང་གཅིག་གིས་གཅིག་ལ་རྐང་པ་ལོས་ཀྱང་བཀྲུ་དགོས་སོ། ༡༥ ངས་ཁྱེད་ཚོར་གང་བྱས་པ་བཞིན་དུ། ཁྱེད་ཚོས་ཀྱང་བྱེད་པའི་ཕྱིར་དཔེར་བཞག་གོ། ༡༦ དཔོན་པོ་ལས་གཡོག་པོ་མི་ཆེ། མངགས་མཁན་ལས་སྐུ་ཚབ་མི་ཆེ་ཞེས་ངས་བདེན་པར་ཟེར། ༡༧ དེ་ཤེས་ནས་དེ་བཞིན་དུ་བྱེད་ན་ཁྱེད་ཚོ་བདེའོ། ༡༨ ངས་ཁྱེད་ཚང་མའི་སྐོར་མི་ཟེར་གྱིས། ངས་འདམས་པ་རྣམས་ངས་ཤེས་སོ། མདོ་ན། ངའི་ཟན་ཟོས་པ་དེས་ང་ལ་འཕྲ་རྒྱབས་སོ། ཞེས་གསུངས་པ་དེ་སྒྲུབ་པའི་ཚེ་ན། ༡༩ ཁྱེད་ཚོས་ང་དེ་ཉིད་ཡིན་པར་དད་པའི་ཕྱིར་དུ། མ་འབྱུང་བའི་སྔོན་དུ་ད་ལྟ་ཟེར་རོ། ༢༠ ངས་མངགས་པ་ཞིག་བསུ་བ་དེས་ང་རང་བསུའོ། ང་བསུ་བ་དེས་ང་མངགས་པ་ཁོང་བསུའོ་ཞེས་ངས་བདེན་པར་ཟེར་གསུངས་སོ༎
༢༡ དེ་གསུངས་ནས་ཡེ་ཤུ་ཐུགས་འཁྲུགས་ཏེ། ཁྱེད་ཚོ་ལས་གཅིག་གིས་ང་དགྲར་གཏད་འོང་ཞེས་ངས་བདེན་པར་ཟེར་གསུང་ཞིང་དཔང་པོ་མཛད་དོ། ༢༢ ཉེ་གནས་རྣམས་ཀྱིས་ཁོང་གིས་སུ་ལ་དམིགས་ནས་གསུངས་པར་རྣམ་རྟོག་སྐྱེས་ནས། གཅིག་གིས་གཅིག་ལ་བལྟས་སོ། ༢༣ ཉེ་གནས་ཀྱི་ནང་ནས་ཡེ་ཤུའི་ཐུགས་སུ་བྱོན་པ་དེ། ཡེ་ཤུའི་གཞོགས་ལ་བསྙེས་ཡོད་པ་ལས། ༢༤ ཤི་མོན་པེ་ཏྲོས་དེ་ལ། སུ་ལ་དམིགས་ནས་གསུངས་པ་ཡིན་ཞུས་ཤིག་ཟེར་ཏེ་བརྡ་གཏང་ངོ་། ༢༥ དེས་ཡེ་ཤུའི་སྐུ་བྲང་ལ་བསྙེས་ནས། གཙོ་བོ། སུ་ཡིན་ཞུས་པས། ༢༦ ཡེ་ཤུས། སུ་ལ་ངས་ཁམ་ཚད་འདི་སྦང་ནས་བཏང་བ་དེ་ཡིན་གསུངས་ནས། ཁམ་ཚད་སྦང་སྟེ་ཀར་ཡོད་པ་ཤི་མོན་གྱི་བུ་ཡུ་དཱ་ལ་སྩལ་ཏོ། ༢༧ ཁམ་ཚད་ཟོས་པ་ཙམ་གྱིས་ཁོ་ལ་བདུད་ཞུགས་སོ། ཡེ་ཤུས་ཁོ་ལ། ཅི་བྱེད་པ་དེ་མྱུར་དུ་བྱོས་ཤིག་གསུངས་སོ། ༢༨ ཁོ་ལ་ཅིའི་ཕྱིར་དེ་ལྟར་གསུངས་པ་གྲལ་དུ་ཡོད་པ་སུས་ཀྱང་མ་གོ་འོ། ༢༩ ཡུ་དཱའི་ལག་ཏུ་དངུལ་ཁུག་ཡོད་པས། འགའ་རེས་ཡེ་ཤུས་ཁོ་ལ། དུས་ཆེན་གྱི་ཕྱིར་དགོས་པ་རྣམས་ཉོས་ཤིག ཡང་ན་དབུལ་པོ་ལ་ཅི་ཞིག་ཐོང་གསུངས་པ་ཡིན་ནམ་བསམས་སོ། ༣༠ ཁམ་ཚད་དེ་ཟོས་མ་ཐག་ཏུ་ཁོ་སོང་ངོ་། དེ་དུས་མཚན་མོ་ཡིན་ནོ༎
༣༡ ཁོ་སོང་བ་དང་། ཡེ་ཤུས། ད་མིའི་བུ་དཔལ་དང་ལྡན་ཏེ། དཀོན་མཆོག་ཀྱང་ཁོང་གི་སྒོ་ནས་དཔལ་དང་ལྡན་ཏོ། ༣༢ དཀོན་མཆོག་གིས་ཀྱང་ཉིད་ཀྱི་ངང་ན་ཁོང་མྱུར་དུ་དཔལ་དང་ལྡན་པར་མཛད་པར་འགྱུར་རོ། ༣༣ ཀྱེ་བུ་རྣམས། རེ་ཞིག་ང་ཁྱེད་དང་མཉམ་ཡོད། ཁྱེད་ཚོས་ང་འཚོལ་ཡང་། ཡ་ཧུ་དཱ་པ་རྣམས་ལ་ངས་སྨྲས་པ་ལྟར། ང་འགྲོ་སར་ཁྱེད་འོང་མི་ཐུབ་ཟེར་རོ། ༣༤ ངས་ཁྱེད་ལ་བཀའ་གསར་པ་ཞིག་སྦྱིན་ནོ། གཅིག་གིས་གཅིག་ལ་བྱམས་པ་བྱོས་ཤིག ངས་ཁྱེད་ལ་བྱམས་པ་ལྟར། ཁྱེད་ཀྱང་གཅིག་གིས་གཅིག་ལ་བྱམས་པར་རིགས་སོ། ༣༥ ཕན་ཚུན་བྱམས་པ་བྱེད་ན། ཁྱེད་ཚོ་ངའི་ཉེ་གནས་ཡིན་པར་ཚང་མས་ཤེས་འོང་གསུངས་སོ༎
༣༦ ཤི་མོན་པེ་ཏྲོས། གཙོ་བོ། ཁྱེད་གང་དུ་ཕེབས་ཞུས་པའི་བཀའ་ལན་དུ། ང་འགྲོ་སར་ཁྱེད་ད་ལྟ་འབྲང་མི་ཐུབ་ཀྱང་། རྟིང་མར་འབྲང་བར་འགྱུར་རོ་གསུངས་སོ། ༣༧ པེ་ཏྲོས་གཙོ་བོ། ཁྱེད་ཀྱི་རྗེས་སུ་ང་ད་ལྟ་ཅི་ལ་འབྲང་མི་ཐུབ། ངས་ཁྱེད་ཀྱི་ཕྱིར་སྲོག་ཀྱང་གཏོང་བར་བྱའོ་ཞུས་སོ། ༣༨ ཡེ་ཤུས་བཀའ་ལན་དུ། སྲོག་གཏང་ངམ། ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་མ་བྱས་པའི་བར་དུ་བྱ་སྐད་མི་གཏང་ཞེས་ངས་བདེན་པར་ཟེར༎