༡༤
ཁྱེད་ཀྱི་སྙིང་མ་འཁྲུག་ཅིག དཀོན་མཆོག་ལ་དད་ཅིང་། ང་ལའང་དད་པར་བྱོས་ཤིག  ངའི་ཡབ་ཀྱི་ཕོ་བྲང་ནང་ཁང་བཟང་མང་པོ་ཡོད། དེ་མིན་ང་ཁྱེད་ཕྱིར་འདུག་སའི་གྲལ་བྱེད་དུ་འགྲོའོ་མི་ཟེར།  ང་སོང་སྟེ་ཁྱེད་ཀྱི་ཕྱིར་འདུག་ས་བཤམ་པའི་རྗེས་སུ། ང་ཡོད་སར་ཁྱེད་ཀྱང་བསླེབས་པའི་ཕྱིར། ང་ལོག་འོང་སྟེ་ཁྱེད་ངའི་རྩར་འཁྲིད་འོང་།  ང་འགྲོ་སའི་ལམ་ཁྱེད་ཀྱིས་ཤེས་སོ་གསུངས་སོ།  ཐོ་མཱས་ཁོང་ལ་གཙོ་བོ། ཁྱེད་གང་དུ་ཕེབས་པ་མི་ཤེས་པས། ལམ་ཇི་ལྟར་དུ་ཤེས་ཞུས་པས།  ཡེ་ཤུས་ང་ནི་ལམ་དང་། བདེན་པ་ཉིད་དང་། སྲོག་དེ་ཡིན། ང་མ་རྒྱུད་པར་སུའང་ཡབ་ཀྱི་དྲུང་དུ་མི་བསླེབ།  ཁྱེད་ཀྱིས་ང་ཤེས་ན་ངའི་ཡབ་ཀྱང་ཤེས། ད་ནས་ཕྱིན་ཁོང་མཇལ་བས་ཤེས་སོ་གསུངས་པས།  ཕི་ལིབ་ཀྱིས། གཙོ་བོ། ང་ཚོར་ཡབ་སྟོན་པར་མཛོད་ཅིག་དང་། ང་ཚོ་ཚིམ་པར་འགྱུར་རོ་ཞུས་སོ།  ཡེ་ཤུས། ཕི་ལིབ། ང་ཁྱོད་མཉམ་འདི་ཙམ་བསྡད་ཀྱང་ད་དུང་ང་མ་ཤེས་སམ། ང་མཐོང་མཁན་དེས་ཡབ་མཇལ་བས། ཁྱོད་ཀྱིས་ཡབ་སྟོན་ཅི་ལ་ཟེར། ༡༠ ང་ཡབ་ཀྱི་ནང་ཡོད་དེ་ཡབ་ངའི་ནང་བཞུགས་པར་ཁྱོད་དད་པ་མི་བྱེད་དམ། ངས་འཆད་པའི་བཀའ་ངའི་ཕྱོགས་ནས་མིན། ངའི་ནང་བཞུགས་པའི་ཡབ་ཀྱིས་ཉིད་ཀྱི་ཕྲིན་ལས་མཛད་དོ། ༡༡ ང་ཡབ་ནང་དང་ཡབ་ངའི་ནང་བཞུགས་སོ་ཞེས་ངས་ཟེར་བ་ལ་དད་པ་བྱོས་ཤིག ༡༢ ང་ཡབ་ཀྱི་དྲུང་དུ་འགྲོ་བས། ང་ལ་དད་པ་དེས་ངས་བྱས་པའི་ལས་བྱེད་པ་མ་ཟད། དེ་ལས་ཆེ་བའང་བྱེད་པར་འགྱུར། ༡༣ ཡབ་ལ་སྲས་ཀྱི་སྒོ་ནས་དཔལ་འབྱུང་བའི་དོན་དུ། ཁྱོད་ཀྱིས་ངའི་མིང་བརྗོད་ཅིང་ཞུ་བ་དེ་ངས་སྒྲུབ་འོང་། ༡༤ ངའི་མིང་བརྗོད་ཅིང་ང་ལ་ཅི་ཞུ་ནའང་། ངས་དེ་སྒྲུབ་པར་བྱའོ༎
༡༥ ཁྱོད་ཀྱིས་ང་ལ་གཅེས་ན། ངའི་བཀའ་སྲུང་བར་འགྱུར། ༡༦ ངས་ཡབ་ལ་ཞུས་ནས། ཁྱོད་དང་མཉམ་རྒྱུན་དུ་བཞུགས་པའི་སྟོངས་གྲོགས་གཞན་ཞིག་གནང་འོང་། ༡༧ ཁོང་བདེན་པའི་ཐུགས་ཉིད་དེ་ཡིན་ཏེ། འཇིག་རྟེན་པས་མི་མཐོང་ཞིང་མི་ཤེས་པས་བླང་བར་མི་ཐུབ་ཀྱང་། ཁོང་ཁྱེད་མཉམ་མ་ཟད་ཁྱེད་ནང་བཞུགས་པས། ཁྱེད་ཀྱིས་ཁོང་ཤེས་སོ། ༡༨ ངས་ཁྱེད་དྭ་ཕྲུག་ལ་མི་འབོར། ཁྱེད་ཀྱི་རྩར་འོང་བར་བྱའོ། ༡༩ ཅུང་ཟད་ཅིག་ནས། འཇིག་རྟེན་གྱིས་ང་མི་མཐོང་ཡང་། ང་གསོན་པས་ཁྱེད་ཀྱང་གསོན་ཏེ། ཁྱེད་ཀྱིས་ང་མཐོང་འོང་། ༢༠ དེའི་ཚེ་ང་ཡབ་མཉམ་དང་། ཁྱོད་ང་མཉམ་ང་ཁྱེད་མཉམ་ཡོད་པ་དེ་ཁྱོད་ལ་ངོ་འཕྲོད་འོང་། ༢༡ ངའི་བཀའ་རྒྱ་ཤེས་ཏེ་སྲུང་མཁན་དེས་ང་ལ་གཅེས་སོ། ང་ལ་གཅེས་པ་དེ་ཡབ་ཀྱི་གཅེས་པར་འགྱུར་འོང་། ངས་དེ་ལ་གཅེས་ཤིང་། ང་རང་མངོན་པར་བྱའོ་གསུངས་སོ། ༢༢ ཀར་ཡོད་པ་མིན་པའི་ཡུ་དཱས། གཙོ་བོ། ང་ཚོར་ཁྱེད་མངོན་པར་དགྱེས་ཀྱང་། འཇིག་རྟེན་ལ་མངོན་པར་མི་དགྱེས་པ་དེ་ཅི་ལགས་ཞུས་པས། ༢༣ ཡེ་ཤུས་བཀའ་ལན་དུ། ང་ལ་གཅེས་པ་དེས་ངའི་བཀའ་སྲུང་ངོ་། དེ་ནས་ངའི་ཡབ་ཀྱིས་ཁོ་ལ་བྱམས་ཤིང་། ང་ཚོ་དེའི་རྩར་ཕེབས་ནས། ཁོ་དང་མཉམ་དུ་བཞུགས་པར་འགྱུར་རོ། ༢༤ ང་ལ་མི་གཅེས་པ་དེས་ངའི་བཀའ་མི་སྲུང་ངོ་། ཁྱེད་ཀྱིས་ཐོས་པའི་བཀའ་ངའི་མིན་ཏེ། ང་མངགས་པའི་ཡབ་ཀྱི་བཀའ་ཡིན་ནོ༎
༢༥ ང་ཁྱེད་མཉམ་ཡོད་རིང་འདི་དག་འཆད་ཀྱང་། ༢༦ ཡབ་ཀྱིས་ངའི་ཚབ་ཏུ་སྩལ་འོང་བའི་སྟོངས་གྲོགས་ཐུགས་ཉིད་དམ་པ་ལགས་པ་དེས། ཁྱེད་ལ་ཐམས་ཅད་བསླབ་ཅིང་། ངས་བཤད་པ་ཐམས་ཅད་དྲན་སྐུལ་བྱེད་འོང་ངོ་། ༢༧ ཞི་བདེ་བར་གྱུར་ཅིག ངའི་ཞི་བདེ་ཁྱེད་ལ་གཏོང་ངོ་། འཇིག་རྟེན་གྱི་ལུགས་སུ་མ་ཡིན་པར་ངས་གཏོང་ངོ་། སྙིང་མི་འཁྲུག་ཅིང་མ་འཇིགས་ཤིག ༢༨ ང་འགྲོ་ཡང་ཁྱེད་རྩར་ལོག་འོང་ཞེས་ངས་ཁྱེད་ལ་སྨྲས་པ་ཐོས་ཡོད། ཁྱེད་ཀྱིས་ང་ལ་གཅེས་ན། ང་ལས་ཡབ་ཆེ་བས། ང་ཡབ་ཀྱི་དྲུང་དུ་འགྲོའོ་སྨྲས་པས་ཁྱེད་དགའ་རུང་ངོ་། ༢༩ དེ་བྱུང་བའི་ཚེ་ཁྱེད་དད་པའི་ཕྱིར། མ་བྱུང་བའི་སྔོན་དུ་བཤད་པ་ཡིན། ༣༠ འཇིག་རྟེན་གྱི་དབང་པོ་དེ་འོང་བས། ཕྱིན་ཆད་ངས་ཁྱོད་མཉམ་དུ་མང་པོ་མི་གླེང་། ཁོ་ལ་ངའི་ཐོག་དབང་མེད་ཀྱང་། ༣༡ ངས་ཡབ་ལ་གཅེས་པ་འཇིག་རྟེན་གྱིས་ཤེས་པའི་ཕྱིར། ཡབ་ཀྱི་བཀའ་བཞིན་ངས་སྒྲུབ་བོ། ལོངས་ཤིག་ང་ཚོ་འགྲོའོ་གསུངས་སོ༎