༡༥
ང་ནི་ཡང་དག་པའི་རྒུན་ཤིང་ཡིན། ངའི་ཡབ་རྒུན་ཚལ་མཁན་དེ་ཡིན།  འབྲས་བུ་མི་ཆགས་པའི་ངའི་ཡལ་ག་ཐམས་ཅད་ཁོང་གིས་གཅོད་ཅིང་། འབྲས་བུ་ཆགས་པའི་ཡལ་ག་ཐམས་ཅད་ལ་འབྲས་བུ་ལྷག་པར་ཆགས་པའི་ཕྱིར་ཡལ་གཅོད་རྒྱབ་པར་མཛད་དོ།  ངས་སྨྲས་པའི་བཀའ་ཡིས་ཁྱེད་དག་པ་ཡིན།  ངའི་ནང་གནས་ཤིག ང་ཁྱེད་ནང་གནས་པར་བྱའོ། ཡལ་ག་རྒུན་ཤིང་ནང་མི་གནས་པར། དེ་རང་ལ་འབྲས་བུ་མི་ཆགས་པ་ལྟར། ཁྱེད་ཀྱང་ངའི་ནང་མི་གནས་པར་འབྲས་བུ་མི་ཆགས།  ང་རྒུན་ཤིང་དེ་ཡིན། ཁྱེད་ཡལ་ག་དེ་ཡིན། ངའི་ནང་དུ་གནས་ཏེ། ང་ཁོའི་ནང་དུ་གནས་པ་དེ་ལ་འབྲས་བུ་མང་པོ་ཆགས་སོ། ང་དང་བྲལ་ཏེ་ཁྱེད་ཀྱིས་ཅིའང་བྱེད་མི་ཐུབ་བོ།  ངའི་ནང་དུ་མི་གནས་པ་དེ། ཡལ་ག་ལྟར་ཕངས་ནས། སྐམས་ཤིང་བསྡུད་ནས་མེ་ལ་བཏབ་སྟེ་ཚིག་གོ།  ཁྱེད་ངའི་ནང་དུ་གནས་ཏེ། ངའི་བཀའ་ཁྱེད་ཀྱི་ནང་དུ་གནས་ན། ཅི་འདོད་པ་ཞུས་ཤིག་དང་འགྲུབ་པར་འགྱུར་རོ།  ཁྱེད་ལ་འབྲས་བུ་མང་པོ་ཆགས་ཏེ། ཁྱེད་ངའི་ཉེ་གནས་ཡིན་པ་མངོན་པའི་སྒོ་ནས། ངའི་ཡབ་ལ་དཔལ་བརྗིད་འབྱུང་ངོ་།  ཡབ་ཀྱིས་ང་ལ་བྱམས་པ་ལྟར། ངས་ཁྱེད་ལ་བྱམས་སོ། ངའི་བྱམས་པའི་ནང་གནས་ཤིག ༡༠ ངས་ཡབ་ཀྱི་བཀའ་བསྲུངས་ཏེ། ཁོང་གི་བྱམས་པའི་ནང་གནས་པ་ལྟར། ཁྱེད་ཀྱིས་ཀྱང་ངའི་བཀའ་བསྲུང་ན་ངའི་བྱམས་པའི་ནང་གནས་འོང་།
༡༡ ངའི་དགའ་སྤྲོ་ཁྱེད་ལ་ཡོད་པ་དང་། ཁྱེད་ཀྱི་དགའ་སྤྲོ་ཕུལ་དུ་བྱུང་བའི་ཕྱིར། ངས་ཁྱེད་ལ་དེ་གདམས་སོ། ༡༢ ངའི་བཀའ་འདི་ལྟ་སྟེ། ངས་ཁྱེད་ལ་བྱམས་པ་ལྟར། ཁྱེད་གཅིག་གིས་གཅིག་ལ་བྱམས་པ་བྱོས་ཤིག ༡༣ མཛའ་བོའི་དོན་དུ་རང་སྲོག་གཏོང་བ་ལས་ལྷག་པའི་བྱམས་པ་མེད་དོ། ༡༤ ངའི་བཀའ་བཞིན་སྒྲུབ་ན་ཁྱེད་ངའི་མཛའ་བོ་ཡིན། ༡༥ དཔོན་པོས་ཅི་བྱེད་པ་གཡོག་པོས་མི་ཤེས་པས། ད་ངས་ཁྱེད་ལ་གཡོག་པོ་མི་ཟེར་ཞིང་། ཡབ་ལས་ཐོས་པ་ཐམས་ཅད་ཁྱེད་ལ་བཤད་པས། ངས་ཁྱེད་ལ་མཛའ་བོ་ཟེར་རོ། ༡༦ ཁྱེད་ཀྱིས་ང་མ་འདམས་ཤིང་། ངས་ཁྱེད་འདམས་སོ། ཁྱེད་འགྲོ་ཞིང་འབྲས་བུ་ཆགས་པ་དང་། འབྲས་བུ་དེ་རྟག་ཏུ་གནས་པའི་ཕྱིར་ངས་ཁྱེད་བསྐོས་སོ། དེ་ནས་ངའི་མིང་བརྗོད་ཅིང་ཡབ་ལ་ཅི་ཞུ་བ་དེ་ཁྱེད་ལ་གནང་བར་འགྱུར་རོ༎
༡༧ གཅིག་གིས་གཅིག་ལ་བྱམས་པའི་བཀའ་འདི་ངས་གནང་ངོ་། ༡༨ འཇིག་རྟེན་གྱིས་ཁྱེད་ལ་སྡང་ན། ཁྱེད་ལས་སྔོན་དུ་ང་ལ་སྡང་བ་ཁྱེད་ཀྱིས་ཤེས་སོ། ༡༩ གལ་ཏེ་ཁྱེད་འཇིག་རྟེན་པ་ཡིན་ན། འཇིག་རྟེན་གྱིས་རང་གི་ཡིན་པ་ལ་ཆགས་དགོས་ཀྱང་། ཁྱེད་འཇིག་རྟེན་པ་མིན་ཅིང་། ངས་འཇིག་རྟེན་ལས་འདམས་པས། འཇིག་རྟེན་གྱིས་ཁྱེད་ལ་སྡང་ངོ་། ༢༠ དཔོན་པོ་ལས་གཡོག་པོ་མི་ཆེ་ཞེས་ངས་སྨྲས་པ་དྲོན་ཞིག མི་ཚོས་ང་ལ་འཚེ་བས། ཁྱོད་ལའང་འཚེ་འོང་། དེ་ཚོས་ང་ལ་ཉན་པ་ཡིན་ན། ཁྱེད་ལའང་ཉན་པ་ཡིན། ༢༡ དེ་ཚོས་ང་མངགས་པ་ཁོང་མི་ཤེས་པས། ངའི་རྐྱེན་གྱིས་ཁྱེད་ལ་འདི་ཐམས་ཅད་བྱེད་པར་འགྱུར་རོ། ༢༢ ང་འོངས་ནས་དེ་ཚོར་མ་བཤད་པ་ཡིན་ན། དེ་ཚོར་སྡིག་པ་མེད་པ་ཡིན། ད་དེ་ཚོའི་སྡིག་པ་ལ་སྙད་འདོགས་མེད། ༢༣ ང་ལ་སྡང་བ་དེས་ངའི་ཡབ་ལའང་སྡང་ངོ་། ༢༤ གཞན་སུས་ཀྱང་མ་བྱས་པའི་བྱ་བ་ངས་དེ་ཚོའི་ཁྲོད་དུ་མ་བྱས་པ་ཡིན་ན། སྡིག་པ་མེད་པ་ཡིན། དེ་ཚོས་མཐོང་ནས་ཀྱང་ང་དང་ཡབ་ལ་སྡང་ངོ་། ༢༥ དེ་ནི་བཀའ་ཁྲིམས་ནང་། དེ་ཚོས་ང་ལ་དོན་མེད་དུ་སྡང་ཞེས་བྲིས་པ་གྲུབ་པའི་ཕྱིར་དེ་ལྟར་བྱུང་ངོ་། ༢༦ ཡབ་ནས་འབྱུང་བའི་སྟོངས་གྲོགས་བདེན་པ་ཉིད་ཀྱི་ཐུགས་ཉིད་དེ། ངས་ཡབ་ཀྱི་དྲུང་ནས་བཏང་སྟེ། ཁྱེད་རྩར་འབྱོན་དུས་སུ་ང་ལ་དཔང་པོ་མཛད་པར་འགྱུར། ༢༧ ཁྱེད་ཀྱང་ཐོག་མ་ནས་ང་མཉམ་ཡོད་པས། དཔང་པོ་བྱེད་པར་འགྱུར་རོ༎