༡༦
དེ་ལྟར་ཁྱེད་དད་པ་མི་ལོག་པའི་ཕྱིར་སྨྲས་པ་ཡིན།  ཁྱེད་འདུ་ཁང་གི་གྲལ་ནས་འབུད་པ་མ་ཟད། ཁྱེད་གསོད་པ་དེས་དཀོན་མཆོག་ལ་བསྙེན་བཀུར་བྱེད་དོ་སྙམ་པའི་དུས་ལ་འབབ་ཅིང་།  ཡབ་ཀྱང་མི་ཤེས་ངའང་མི་ཤེས་པས་དེ་ལྟར་བྱ་འོང་།  དུས་ཚོད་དེ་འབབ་པའི་ཚེ། ངས་སྨྲས་པ་རྣམས་ཁྱེད་ཀྱིས་དྲན་པའི་ཕྱིར་བཤད་དོ། ང་ཁྱེད་མཉམ་ཡོད་པས་སྔོན་ལ་བཤད་པ་ཡིན། ༥-༦ ད་ང་ནི་ང་མངགས་མཁན་གྱི་དྲུང་དུ་འགྲོ་ཞིང་། དེ་བཤད་པས་ཁྱེད་ཀྱི་སྙིང་ན་མྱ་ངན་གྱིས་གང་སྟེ། སུས་ཀྱང་ང་ལ་གང་དུ་འགྲོ་བར་མི་འདྲིའོ།  ང་འགྲོ་བ་ནི་ཁྱེད་ལ་ཕན་ནོ་ཞེས་ངས་བདེན་པར་ཟེར། ང་མི་འགྲོ་ན་སྟོངས་གྲོགས་དེ་ཁྱེད་ཀྱི་རྩར་མི་ཕེབས། ང་འགྲོ་ན་ཁོང་ཁྱེད་ཀྱི་རྩར་གཏང་འོང་།  ཁོང་ཕེབས་ནས་འཇིག་རྟེན་གྱི་སྡིག་པ་དང་། ངའི་དྲང་བ་ཉིད་དང་ཁྲིམས་གཅོད་པ་གསུམ་འཇིག་རྟེན་པར་གོ་བ་སྤྲད་པར་འགྱུར་རོ།  སྡིག་པའི་དོན་ནི། དེ་ཚོས་ང་ལ་མ་དད་པ་དང་། ༡༠ དྲང་བ་ཉིད་ཀྱི་དོན་ནི། ང་ཁྱེད་ཚོའི་མཐོང་ལམ་ནས་ཡབ་ཀྱི་དྲུང་དུ་འགྲོ་བ་དང་། ༡༡ ཞལ་ཆེ་གཅོད་པའི་དོན་ནི། འཇིག་རྟེན་འདིའི་དབང་པོའི་ཞལ་ཆེ་བཅད་ཚར་བས་སོ༎
༡༢ ད་དུང་ང་ལ་བཤད་རྒྱུ་མང་པོ་ཡོད་ཀྱང་། ད་ལྟ་ཁྱེད་ཀྱིས་བཟོད་མི་ཐུབ་བོ། ༡༣ བདེན་པ་ཉིད་ཀྱི་ཐུགས་ཉིད་བྱོན་དུས་སུ། ཉིད་ཀྱི་ཕྱོགས་ནས་མི་གསུང་བར། ཡབ་ནས་ཅི་གསན་པ་དེ་གསུང་ཞིང་། མ་འོངས་པ་རྣམས་འཆད་ཅིང་། ཁྱེད་བདེན་པ་ཐམས་ཅད་ཀྱི་ནང་དུ་འཁྲིད་པར་འགྱུར་རོ། ༡༤ ཁོང་གིས་ངའི་ཡིན་པ་དེ་བཞེས་ནས། ཁྱེད་ལ་འཆད་ཅིང་ངའི་དཔལ་བརྗིད་བསྟན་པར་འགྱུར་རོ། ༡༥ ཡབ་ཀྱི་ཅི་ཡིན་པ་དེ་ངའི་ཡིན་པས། ངའི་ཡིན་པ་དེ་བཞེས་ཏེ་ཁྱེད་ལ་འཆད་པར་འགྱུར་རོ་ཞེས་ངས་སྨྲས་སོ༎
༡༦ ཅུང་ཟད་ཅིག་ནས་ཁྱེད་ཀྱིས་ང་མི་མཐོང་། ཡང་ཅུང་ཟད་ཅིག་ནས་ང་མཐོང་བར་འགྱུར་གསུངས་པས། ༡༧ ཉེ་གནས་ཁ་ཤས་ཀྱིས་འདི་སྐད་དུ། ཁོང་གིས་ཅུང་ཟད་ཅིག་ནས་ཁྱེད་ཀྱིས་ང་མི་མཐོང་། ཡང་ཅུང་ཟད་ཅིག་ནས་ང་མཐོང་བར་འགྱུར། ཡང་ང་ཡབ་ཀྱི་དྲུང་དུ་འགྲོའོ་གསུང་བ་དེ་ཅི་ཡིན། ༡༨ ཅུང་ཟད་ཅིག་གསུང་བ་དེ་ཅི་ཡིན་ང་ཚོས་མི་གོའོ་ཞེས་ཕན་ཚུན་སྨྲས་སོ། ༡༩ དེ་ཚོས་བཀའ་འདྲི་ཞུ་འདོད་པ་ཡེ་ཤུས་མཁྱེན་ཏེ་དེ་ཚོར་ཅུང་ཟད་ཅིག་ནས་ཁྱེད་ཀྱིས་ང་མི་མཐོང་། ཡང་ཅུང་ཟད་ཅིག་ནས་ང་མཐོང་བར་འགྱུར་ཞེས་ངས་སྨྲས་པ་ཅི་ཡིན་ཕན་ཚུན་འདྲིའམ། ༢༠ ཁྱེད་ངུ་ཞིང་མྱ་ངན་བྱེད་ཀྱང་འཇིག་རྟེན་དགའ་བར་འགྱུར་ཞེས་ངས་བདེན་པར་ཟེར། ཁྱེད་ཚོ་སྡུག་བསྔལ་བྱེད་ཀྱང་ཁྱེད་ཀྱི་སྡུག་བསྔལ་དེ་དག་དགའ་སྤྲོར་འགྱུར་རོ། ༢༡ སྐྱེ་རན་པའི་བུད་མེད་ལ་སྐྱེ་གཟེར་གྱིས་སྡུག་བསྔལ་འབྱུང་ཡང་། བུ་སྐྱེས་ནས་འཇིག་རྟེན་དུ་མི་ཞིག་སྐྱེས་པའི་དགའ་སྤྲོས་ཟུག་ཟེར་དེ་དག་མི་དྲན་ནོ། ༢༢ དེ་བཞིན་དུ་ད་ལྟ་ཁྱེད་ལ་སྡུག་བསྔལ་ཡོད་ཀྱང་། སླར་ཡང་ང་ཁྱེད་དང་འཕྲད་འོང་བས་ཁྱེད་དགའ་བར་འགྱུར་ཞིང་། ཁྱེད་ཀྱི་དགའ་སྤྲོ་སུས་ཀྱང་འཕྲོག་པར་མི་འགྱུར་རོ། ༢༣ དེའི་ཚེ་ཁྱེད་ཀྱིས་ང་ལ་དྲི་བ་མི་འདྲི། ཁྱེད་ཀྱིས་ཡབ་ལ་ཅི་ཞུ་ནའང་། ངའི་ངོར་གནང་འོང་། ༢༤ ད་ཐུག་ངའི་མིང་བརྗོད་ཅིང་ཅིའང་མ་ཞུས། ད་ཁྱེད་ཀྱི་དགའ་སྤྲོ་ཕུལ་དུ་འབྱུང་བའི་ཕྱིར་ཞུས་ཤིག་དང་། ཐོབ་པར་འགྱུར་རོ༎
༢༥ ངས་ཁྱེད་ལ་དེ་རྣམས་དཔེའི་སྒོ་ནས་བཤད་དོ། ད་དཔེའི་སྒོ་ནས་མ་ཡིན་པར་ཡབ་ཀྱི་སྐོར་ལ་ཚིག་གསལ་པོར་གླེང་བའི་དུས་ལ་འབབ་བོ། ༢༦ དེའི་ཚེ་ཁྱེད་ཀྱིས་ངའི་མིང་བརྗོད་ཅིང་ཞུ་བར་འགྱུར། ངས་ཁྱེད་ཀྱི་དོན་དུ་ཡབ་ལ་ཞུ་སྣ་བྱའོ་མི་ཟེར། ༢༧ ཁྱེད་ཀྱིས་ང་ལ་བྱམས་ཤིང་། ང་ཡབ་ནས་བྱུང་བ་ལ་དད་པ་བྱས་པས། ཡབ་ཉིད་ཀྱིས་ཁྱེད་ལ་བྱམས་པ་མཛད་ཏོ། ༢༨ ང་ཡབ་ནས་བྱུང་སྟེ། འཇིག་རྟེན་ལ་འོངས། ད་འཇིག་རྟེན་བཞག་ནས་ཡབ་ཀྱི་དྲུང་དུ་ལོག་གོ་གསུངས་སོ། ༢༩ ཉེ་གནས་ཚོས། ལེགས་སོ། ད་དཔེའི་སྒོ་ནས་མ་གསུང་བར། ཚིག་གསལ་པོར་གསུང་ངོ་། ༣༠ ད་ཁྱེད་ཐམས་ཅད་མཁྱེན་པ་དང་། སུས་ཀྱང་ཁྱེད་ཀྱི་སྐོར་བཀའ་འདྲི་ཞུ་དགོས་མེད་པ་ང་ཚོས་ཤེས་པས། ཁྱེད་དཀོན་མཆོག་ནས་བྱུང་བ་ལ་དད་པ་བྱེད་དོ་ཞུས་སོ། ༣༡ ཡེ་ཤུས་བཀའ་ལན་དུ། ད་དད་པར་བྱེད་དམ། ༣༢ ང་གཅིག་པུར་བཞག་སྟེ། ཁྱེད་ཕྱོགས་སོ་སོར་བྲོས་པའི་དུས་ཉེ་བའི་མ་ཟད་དུས་ལ་འབབ་བོ། འོན་ཀྱང་ཡབ་ང་མཉམ་བཞུགས་པས། ང་གཅིག་པོ་རང་མ་ཡིན་ནོ། ༣༣ ངའི་ནང་དུ་ཁྱེད་ལ་ཞི་བདེ་ཐོབ་པའི་དོན་དུ། ངས་ཁྱེད་ལ་དེ་གདམས་སོ། འཇིག་རྟེན་ནང་ཁྱེད་ཀྱིས་སྡུག་བསྔལ་མྱོང་ཡང་། སེམས་ལྷོད་དེར་སྡོད་ཅིག ང་འཇིག་རྟེན་ལས་རྒྱལ་ལོ་གསུངས་སོ༎