༡༧
དེ་ནས་ཡེ་ཤུས་ནམ་མཁའ་ལ་སྤྱན་གཟིགས་ཏེ། འདི་སྐད་དུ། ཡབ་ལགས། དུས་རན་ནོ། སྲས་ཀྱིས་ཁྱེད་ཀྱི་དཔལ་བརྗིད་སྟོན་པའི་ཕྱིར་དུ། ཁྱེད་ཀྱིས་ཉིད་ཀྱི་སྲས་ཀྱི་དཔལ་བརྗིད་སྟོན་པར་མཛོད་ཅིག  ཁྱེད་ཀྱིས་ཁོང་ལ་གནང་བ་ཐམས་ཅད་ལ། ཁོང་གིས་ཚེ་མཐའ་མེད་པ་སྩལ་བའི་ཕྱིར། ཁྱེད་ཀྱིས་མི་ཐམས་ཅད་ཁོང་གི་དབང་དུ་གནང་བ་ཡིན་ནོ།  ཁྱེད་གཅིག་པོ་བདེན་པའི་དཀོན་མཆོག་ལགས་པ་དང་། ཁྱེད་ཀྱིས་མངགས་པའི་ཡེ་ཤུ་མཱ་ཤི་ཀ་ངོ་འཕྲོད་པ་ནི། ཚེ་མཐའ་མེད་པའོ།  ཁྱེད་ཀྱིས་ང་ལ་མངགས་པའི་བྱ་བ་བསྒྲུབས་ནས། ས་སྟེང་དུ་ཁྱེད་ཀྱི་དཔལ་བརྗིད་བསྟན་པ་ཡིན།  ཡབ་ལགས། འཇིག་རྟེན་མ་བཀོད་པའི་སྔོན་དུ། ཁྱེད་དང་ལྷན་དུ་ང་ལ་ཡོད་པའི་དཔལ་བརྗིད་དེ་ཉིད་སླར་ང་ལ་གནོང་མཛོད།
 ཁྱེད་ཀྱིས་འཇིག་རྟེན་གྱི་ནང་ནས་ང་ལ་གནང་བའི་མི་རྣམས་ལ། ཁྱེད་ཀྱི་མཚན་མངོན་པར་བྱས་སོ། དེ་ཚོ་སྔར་ཁྱེད་ཀྱི་ཡིན་ཏེ། ཁྱེད་ཀྱིས་ང་ལ་གནང་ནས། དེ་ཚོས་ཁྱེད་ཀྱི་བཀའ་བསྲུངས་སོ།  ཁྱེད་ཀྱིས་ང་ལ་ཅི་གནང་བ་ཐམས་ཅད་ཁྱེད་ནས་ཡིན་པ་དེ་ཚོས་ཤེས་སོ།  ཁྱེད་ཀྱིས་ང་ལ་གནང་བའི་བཀའ་དེ་ངས་དེ་ཚོར་སྦྱིན་ནས། དེ་ཚོས་བླངས་ཏེ། ང་ཁྱེད་ནས་བདེན་པར་བྱུང་བ་ཤེས་ཏེ། ཁྱེད་ཀྱིས་ང་མངགས་པ་མཛད་པར་དད་པ་བྱེད་དོ།  འཇིག་རྟེན་གྱི་ཕྱིར་མི་ཞུ་བར། དེ་ཚོའི་དོན་དུ་ཞུ་ཞིང་། ཁྱེད་ཀྱིས་ང་ལ་གནང་བ་ཁྱེད་ཀྱི་ཡིན་པས། དེ་ཚོའི་དོན་དུ། གསོལ་བ་འདེབས་སོ། ༡༠ ངའི་ཡིན་པ་དེ་ཚོ་ཁྱེད་ཀྱི་ཡིན། ཁྱེད་ཀྱི་ཡིན་པ་དེ་ངའི་ཡིན་པས། དེའི་སྒོ་ནས་ང་དཔལ་བརྗིད་དང་ལྡན་ནོ། ༡༡ ང་ཁྱེད་ཀྱི་དྲུང་དུ་འོང་ཞིང་། འཇིག་རྟེན་དུ་མི་ལུས་ཀྱང་། འདི་ཚོ་ལུས་འོང་། ཡབ་དམ་པ་ལགས། ཁྱེད་ཀྱིས་ང་ལ་གནང་བའི་མི་རྣམས། ང་གཉིས་ལྟར་གཅིག་ཏུ་འགྱུར་བའི་ཕྱིར། ཁྱེད་ཀྱི་མཚན་བརྗོད་པས་སྲུང་བར་མཛོད་ཅིག ༡༢ ཁྱེད་ཀྱིས་ང་ལ་གནང་བ་རྣམས་དང་མཉམ་ང་ཡོད་རིང་དུ། ང་ཚོ་ཁྱེད་ཀྱི་མཚན་བརྗོད་པའི་སྒོ་ནས་ང་བསྲུངས་ཤིང་བསྐྱབས་ཏེ། གསུང་རབ་ནང་གསུངས་པ་འགྲུབ་པའི་ཕྱིར། སྟོར་བའི་བུ་གཅིག་པུ་མ་གཏོགས་པར་གཞན་གཅིག་ཀྱང་མ་སྟོར་རོ། ༡༣ ད་ང་ཁྱེད་ཀྱི་སྐུ་དྲུང་དུ་འོང་ངོ་། ངའི་དགའ་སྤྲོ་དེ་ཚོའི་ནང་དུ་ཕུལ་དུ་བྱུང་བའི་ཕྱིར། འཇིག་རྟེན་ན་འདི་རྣམས་ཞུའོ། ༡༤ ངས་དེ་ཚོར་ཁྱེད་ཀྱི་བཀའ་སྦྱིན་པ་ཡིན། ང་འཇིག་རྟེན་པ་མིན་པ་ལྟར། དེ་ཚོ་འཇིག་རྟེན་པ་མིན་པས། འཇིག་རྟེན་གྱིས་དེ་ཚོར་སྡང་ངོ་། ༡༥ ཁྱེད་ཀྱིས་དེ་ཚོ་འཇིག་རྟེན་ནས་ཡར་འདྲེན་ཕྱིར་མི་ཞུའོ། ངན་པ་ལས་སྲུང་བའི་ཕྱིར་ཞུའོ། ༡༦ ང་འཇིག་རྟེན་པ་མིན་པ་ལྟར། དེ་ཚོ་འཇིག་རྟེན་པ་མིན་ནོ། ༡༧ བདེན་པའི་ངང་ནས་དེ་ཚོ་དམ་པར་མཛོད་ཅིག ཁྱེད་ཀྱི་བཀའ་བདེན་པའོ། ༡༨ ཁྱེད་ཀྱིས་ང་འཇིག་རྟེན་དུ་མངགས་པ་ལྟར། ངས་དེ་ཚོ་འཇིག་རྟེན་དུ་མངགས་སོ། ༡༩ དེ་རྣམས་བདེན་པའི་སྒོ་ནས་དམ་པར་བསྔོ་བའི་ཕྱིར། ང་རང་དམ་པར་བསྔོའོ༎
༢༠ འདི་ཚོ་གཅིག་པུ་མ་ཟད། འདི་ཚོའི་བསླབ་བྱའི་སྒོ་ནས་ང་ལ་དད་པ་ཐམས་ཅད་ཀྱི་ཕྱིར་དུའང་གསོལ་བ་འདེབས་སོ། ༢༡ ཡབ་ཁྱེད་ངའི་ནང་དང་ང་ཁྱེད་ནང་ཡོད་པ་ལྟར། དེ་རྣམས་ང་གཉིས་ནང་ཡོད་པས། ཐམས་ཅད་གཅིག་ཏུ་འགྱུར་བ་དང་། འཇིག་རྟེན་པས་ཁྱེད་ཀྱིས་ང་མངགས་པར་དད་པའི་ཕྱིར་གསོལ་བ་འདེབས་སོ། ༢༢ ང་གཉིས་གཅིག་ཡིན་པ་ལྟར། དེ་ཚོ་གཅིག་ཏུ་འགྱུར་བའི་ཕྱིར། ཁྱེད་ཀྱིས་ང་ལ་སྩལ་བའི་དཔལ་བརྗིད་དེ་ཚོར་སྦྱིན་ནོ། ༢༣ དེ་ཚོ་ཡང་དག་པར་གཅིག་ཏུ་འགྱུར་ཏེ། ཁྱེད་ཀྱིས་ང་མངགས་ཤིང་བྱམས་པ་ལྟར། དེ་ཚོར་བྱམས་པར་མཛད་པ། འཇིག་རྟེན་པས་ཤེས་པའི་ཕྱིར། ང་དེ་ཚོའི་ནང་ཡོད། ཁྱེད་ངའི་ནང་བཞུགས་སོ། ༢༤ ཡབ་ལགས། འཇིག་རྟེན་མ་བཀོད་པའི་སྔོན་དུ་ཁྱེད་ཀྱིས་ང་ལ་བྱམས་ཤིང་སྩལ་བའི་དཔལ་བརྗིད་དེ་ཚོས་མཐོང་བའི་ཕྱིར། ཁྱེད་ཀྱིས་ང་ལ་གནང་བ་རྣམས་ཀྱང་ང་ཡོད་སར་མཉམ་དུ་ཡོད་པར་དགའོ། ༢༥ ཡབ་དྲང་བ་ཉིད་ལགས། འཇིག་རྟེན་པས་ཁྱེད་མ་ཤེས་ཀྱང་། ངས་ཤེས་ཏེ། དེ་ཚོས་ཀྱང་ཁྱེད་ཀྱིས་ང་མངགས་པ་ཤེས་སོ། ༢༦ ཁྱེད་ཀྱིས་ང་ལ་མཛད་པའི་བྱམས་པ་དེ་ཚོའི་ནང་གནས་ཤིང་། ངའང་དེ་ཚོའི་ནང་གནས་ཕྱིར། དེ་ཚོར་ཁྱེད་ཀྱི་མཚན་ངོ་སྤྲད་དེ། ད་དུང་ཡང་ངོ་སྤྲོད་པར་བྱའོ། ཞེས་གསོལ་བ་བཏབ་བོ༎