༡༨
དེའི་རྗེས་སུ་ཉེ་གནས་དང་བཅས་སུ་ཡེ་ཤུ་ཀིད་རོན་གྲོག་ཆུའི་ཕ་རོལ་དུ་ཕེབས་ཏེ། དེར་ཡོད་པའི་སྐྱེད་ཚལ་ནང་ཕེབས་སོ། ༢ ཡེ་ཤུ་ཉེ་གནས་དང་མཉམ་དེར་ལན་མང་ཕེབས་པས། ཁོང་དགྲར་བཏད་པའི་ཡུ་དཱ་ལ་གནས་དེའི་རྒྱུས་ཡོད་དེ། ༣ དམག་མིའི་དཔུང་དང་། བླ་ཆེན་དང་ཕ་རུ་ཤི་པའི་ལས་སྣེ་པ་བཅས་མར་མེ་དང་། སྤ་འབར་དང་། ཚོན་ཆ་ཁུར་བ་མཉམ་དུ་འཁྲིད་ནས་དེར་བསླེབས་སོ། ༤ ཡེ་ཤུས་ཉིད་ལ་ཅི་འབྱུང་བ་ཐམས་ཅད་མཁྱེན་ནས། ཕྱི་རོལ་དུ་ཕེབས་ཏེ་དེ་ཚོར། སུ་འཚོལ་གསུངས་པ་དང་། ༥ ན་ཙཱ་རེད་པ་ཡེ་ཤུ་འཚོལ་ལོ་ཞུས་སོ། ཁོང་གིས། ང་ཡིན་གསུངས་པས། ཁོང་བཏད་པའི་ཡུ་དཱའང་དེ་ཚོ་དང་མཉམ་དུ་ཡོད་དོ། ༦ ཁོང་གིས་ང་ཡིན་གསུངས་པ་ཙམ་གྱིས་དེ་ཚོ་ཕྱི་ནུར་རྒྱབ་ནས་ས་ལ་འགྱེལ་ཏོ། ༧ སླར་དེ་ཚོར་སུ་འཚོལ་ཞེས་བཀའ་འདྲི་མཛད་པས། ན་ཙཱ་རེད་པ་ཡེ་ཤུ་འཚོལ་ལོ་ཞུས་སོ། ༨ ཡེ་ཤུས། ང་ཡིན་ཞེས་ངས་སྨྲས་སོ། ང་འཚོལ་ན་འདི་ཚོ་འགྲོར་ཆུག་གསུངས་སོ། ༩ དེ་ལྟར་ཁྱེད་ཀྱིས་གནང་བ་རྣམས་ལས་ངས་གཅིག་ཀྱང་མ་རླགས་ཞེས་གསུངས་པ་དེ་གྲུབ་བོ། ༡༠ ཤི་མོན་པེ་ཏྲོས་རལ་གྲི་ཡོད་པ་དེ་བཏོན་ནས། བླ་ཆེན་གྱི་གཡོག་པོ་མལ་ཀུ་བྱ་བ་ལ་བརྒྱབས་ཏེ། རྣ་བ་གཡས་པ་བཅད་དོ། ༡༡ ཡེ་ཤུས་པེ་ཏྲོར། རལ་གྲི་ཤུབས་ནང་ཆུག ཡབ་ཀྱི་སྩལ་བའི་ཕོར་པ་ངས་མི་འཐུང་ངམ་གསུངས་སོ༎༡༢ དམག་དཔུང་དང་། དམག་དཔོན་དང་། ཡ་ཧུ་དཱ་པའི་ལས་སྣེ་རྣམས་ཀྱིས་ཡེ་ཤུ་བཟུང་ནས་བཅིངས་ཏེ། ༡༣ དང་པོར་ཨན་ནཱའི་རྩར་ཁྲིད་དོ། ཁོ་ལོ་དེའི་བླ་ཆེན་ཀ་ཡ་ཕཱའི་སྒྱུག་པོ་ཡིན་ནོ། ༡༤ ཀ་ཡ་ཕཱ་ནི་སྔར་ཡ་ཧུ་དཱ་པ་རྣམས་ལ། མི་སྡེའི་དོན་དུ་མི་གཅིག་འཆི་ནའང་རུང་ཞེས་གྲོས་བཏབ་པ་དེ་ཡིན་ནོ༎
༡༥ ཤི་མོན་པེ་ཏྲོ་ཉེ་གནས་གཞན་ཞིག་དང་བཅས་ཡེ་ཤུའི་སྐུ་རྒྱབ་ནས་འབྲངས་སོ། ཉེ་གནས་དེ་བླ་ཆེན་གྱི་ངོ་ཤེས་ཡིན་པས། ཡེ་ཤུ་དང་མཉམ་དུ་བླ་ཆེན་གྱི་ཁྲིམས་རའི་ནང་དུ་སོང་ངོ་། ༡༦ པེ་ཏྲོ་ཕྱི་རོལ་དུ་སྒོ་རྩར་ལུས། བླ་ཆེན་གྱིས་ངོ་ཤེས་པའི་ཉེ་གནས་ཕྱིར་བྱུང་ནས། སྒོ་སྲུང་མར་སྨྲས་ནས། པེ་ཏྲོ་ནང་དུ་ཁྱེར་ཏོ། ༡༧ སྒོ་སྲུང་མ་དེས་པེ་ཏྲོར། ཁྱོད་ཀྱང་མི་འདིའི་ཉེ་གནས་མིན་ནམ་ཞེས་སྨྲས་པས། ང་མིན་ཟེར་ཏོ། ༡༨ གཡོག་པོ་དང་ལས་སྣེ་པ་རྣམས་གྲང་བས་སོལ་བའི་མེ་བཏང་ནས་མེ་འདེ་བ་ལས། པེ་ཏྲོ་འང་དེ་ཚོ་དང་མཉམ་དུ་མེ་འདེས་སོ༎
༡༩ བླ་ཆེན་གྱིས་ཡེ་ཤུ་ལ། ཉེ་གནས་དང་བསྟན་པའི་སྐོར་རྩར་བཅད་དེ། ༢༠ ཡེ་ཤུས། ངས་ཅིའང་མ་གསང་བར་འཇིག་རྟེན་ལ་མངོན་སུམ་དུ་སྨྲས་ཏེ། རྟག་ཏུ་ཡ་ཧུ་དཱ་པ་ཐམས་ཅད་འཛོམ་པའི་འདུ་ཁང་དང་མཆོད་ཁང་གི་ནང་དུ་ཆོས་བསྟན་པས། ༢༡ ང་ལ་ཅིའི་ཕྱིར་འདྲི། ངས་གང་སྨྲས་པ་ཐོས་པའི་མི་རྣམས་ལ་དྲིས་ཤིག ངས་གང་སྨྲས་པ་དེ་ཚོས་ཤེས་སོ། ༢༢ གསུངས་པ་དང་། མདུན་དུ་ཡོད་པའི་ལས་སྣེ་པ་གཅིག་གིས། ཡེ་ཤུ་ལ་འགྲམ་ལྕག་བརྒྱབས་ནས། བླ་ཆེན་ལ་འདི་འདྲའི་ལན་ཟློག་གམ་ཞུས་སོ། ༢༣ ཡེ་ཤུས་དེ་ལ། ངས་མི་རིགས་པ་ཞིག་སྨྲས་ཡོད་ན། དེ་སྟོན་ཞིག རིགས་པ་ཞིག་སྨྲས་ཡོད་ན། ང་ཅི་ལ་རྡུང་གསུངས་སོ། ༢༤ ཨན་ནཱས་ཁོང་བཅིངས་བཞིན་བླ་ཆེན་ཀ་ཡ་ཕཱའི་རྩར་བཏང་ངོ་༎
༢༥ ཤི་མོན་པེ་ཏྲོ་མེ་འདེ་བ་ལས་དེ་ཚོས་ཁྱོད་ཀྱང་ཁོའི་ཉེ་གནས་མིན་ནམ་ཟེར་བས། ང་མིན་ཟེར་ཞིང་རྒྱབ་ལོག་གོ། ༢༦ པེ་ཏྲོས་རྣ་བ་བཅད་པའི་བླ་ཆེན་གྱི་གཡོག་པོའི་གཉེན་ཞིག་གིས། ངས་ཁྱོད་སྐྱེད་ཚལ་ནང་ཁོང་དང་མཉམ་ཡོད་པ་མཐོང་ངོ་ཟེར་བས། ༢༧ པེ་ཏྲོས་ང་མིན་ཟེར་ཞིང་སླར་རྒྱབ་ལོག་མ་ཐག་ཏུ། བྱ་སྐད་བཏང་ངོ་༎
༢༨ སྔ་དྲོ་སྔ་བར་ཡེ་ཤུ་ཀ་ཡ་ཕཱའི་རྩ་ནས་ཕོ་བྲང་ལ་གདན་ཞུས་ཏེ། ཁོ་ཚོར་གྲིབ་མི་ཕོག་པར་པེ་སག་ཟ་བའི་ཕྱིར་ཕོ་བྲང་ནང་མ་ཞུགས་པས། ༢༩ པི་ལ་ཏུ་ཕྱིར་བྱུང་ནས། མི་འདི་ལ་སྐྱོན་ཅི་འགལ་ཞེས་དྲིས་སོ། ༣༠ མི་ཚོས། མི་འདི་ལས་ངན་བྱེད་མཁན་མིན་ན། ཁྱེད་ལ་མི་བཏད་སྨྲས་པས། ༣༡ པི་ལ་ཏུས། ཁྱེད་རང་གིས་ཁྱེར་ནས། རང་གི་བཀའ་ཁྲིམས་བཞིན་དུ་གཤགས་བྱོས་ཤིག་ཟེར་ཏོ། ཡ་ཧུ་དཱ་པ་རྣམས་ཀྱིས། ང་ཚོར་མི་གསོད་པའི་དབང་མེད་སྨྲས་སོ། ༣༢ ཡེ་ཤུས་ཉིད་ཇི་འདྲའི་ལུགས་སུ་སྐུ་འགྲོང་བའི་བརྡ་རྩལ་བ་དེ་གྲུབ་བོ། ༣༣ པི་ལ་ཏུ་སླར་ཕོ་བྲང་ནང་སོང་ནས། ཡེ་ཤུ་བོས་ཏེ། ཁྱེད་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞུས་པས། ༣༤ ཡེ་ཤུས། འདི་ཁྱེད་རང་གིས་ཟེར་རམ། གཞན་གྱིས་ངའི་སྐོར་བཤད་གསུངས་སོ། ༣༥ པི་ལ་ཏུས། ང་ཡ་ཧུ་དཱ་པ་ཡིན་ནམ། ཁྱོད་རང་གི་མི་བརྒྱུད་དང་བླ་ཆེན་གྱིས་ཁྱོད་ངའི་ལག་ཏུ་བཏད། ཁྱོད་ཀྱིས་ཅི་བྱས་ཞུས་སོ། ༣༦ ཡེ་ཤུས། ངའི་རྒྱལ་སྲིད་འཇིག་རྟེན་འདིའི་མིན། ཡིན་ན་ངའི་འཁོར་གཡོག་ཚོས་ང་ཡ་ཧུ་དཱ་པའི་ལག་ཏུ་མི་བསླེབ་ཕྱིར་འཐབ་མོ་བཏང་བ་ཡིན། ངའི་རྒྱལ་སྲིད་ནི་འདི་ནས་མིན་གསུངས་སོ། ༣༧ པི་ལ་ཏུས། འོ་ན་རྒྱལ་པོ་ཡིན་ནམ་ཞུས་པས། ཡེ་ཤུས། ཁྱེད་ཀྱིས་སྨྲས་པ་བཞིན་ནོ། ང་རྒྱལ་པོ་ཡིན་ཏེ། བདེན་པ་ཉིད་ལ་དཔང་བྱེད་དུ་ང་སྐྱེས། དེའི་དོན་དུ་འཇིག་རྟེན་དུ་འོངས། བདེན་པ་ཉིད་ཀྱི་ཡིན་པ་ཐམས་ཅད་ཀྱིས་ངའི་སྐད་ལ་ཉན་ནོ་གསུངས་སོ། ༣༨ པི་ལ་ཏུས། བདེན་པ་ཉིད་ཅི་ཡིན་ཞུས་སོ། དེ་ལྟར་ཞུས་ཏེ། ཡ་ཧུ་དཱ་པ་རྣམས་ཀྱི་རྩར་སླར་འཐོན་ནས། ངས་ཁོའི་ནང་འགལ་སྐྱོན་ཅི་འང་མི་འཐོང་ངོ་། ༣༩ པེ་སག་གི་དུས་ཆེན་ལ་ཁྱེད་ཚོའི་ཕྱིར། ངས་མི་ཞིག་སྒྲོལ་སྲོལ་ཡོད་པས། ཁྱེད་ཀྱི་ཕྱིར་ཡ་ཧུ་དཱ་པའི་རྒྱལ་པོ་སྒྲོལ་བ་ལ་དགའ་འམ་ཞེས་དྲིས་པས། ༤༠ སྐད་ཆེན་པོས། མི་འདི་མ་སྒྲོལ་བ་རབ་བཱ་སྒྲོལ་ཞིག་ཅེས་སྨྲས་སོ། བ་རབ་བཱ་བྱ་བ་ནི་ཇག་པ་ཞིག་ཡིན་ནོ༎