༡༩
དེ་ནས་པི་ལ་ཏུས་ཡེ་ཤུ་ཁྱེར་ནས་རྟ་ལྕག་བརྒྱབས་སོ།  དམག་མིས་ཚེར་མའི་ཅོད་པན་ལྷས་ནས་དབུ་ལ་གསོལ། ན་བཟའ་མཚལ་ཁ་ཞིག་བསྐོན་ནས།  སྐུ་དྲུང་དུ་འོངས་ཏེ། ཡ་ཧུ་དཱ་པའི་རྒྱལ་པོར་ཕྱག་འཚལ་ཞུས་ཤིང་འགྲམ་ལྕག་བརྒྱབས་སོ།  པི་ལ་ཏུ་སླར་འཐོན་ནས་མི་ཚོར། ངས་ཁོ་ཕྱི་རོལ་དུ་ཁྱེད་ཀྱི་མདུན་དུ་ཁྱེར་འོང་སྟེ། ཁོའི་ནང་ན་ཉེས་སྐྱོན་ཅིའང་མ་ཐོབ་པ་ཤེས་ཤིག་སྨྲས་སོ།  ཚེར་མའི་ཅོད་པན་དང་ན་བཟའ་མཚལ་ཁ་གསོལ་ནས་ཡེ་ཤུ་ཕྱི་རོལ་དུ་ཕེབས་པ་དང་། པི་ལ་ཏུས། མི་འདིའོ་སྨྲས་པས།  བླ་ཆེན་དང་ལས་སྣེ་པ་ཚོས་ཁོང་མཇལ་བས་སྐད་ཆེན་པོས། རྒྱང་ཤིང་ལ་རྐྱོངས། རྒྱང་ཤིང་ལ་རྐྱོངས་ཞེས་འབོད་བསྒྲགས་སོ། པི་ལ་ཏུས། ངས་ཁོའི་ནང་ཉེས་སྐྱོན་ཅིའང་མ་མཐོང་བས། ཁྱེད་རང་གིས་ཁྱེར་ནས་རྐྱོངས་ཤིག་ཅེས་སྨྲས་སོ།  ཡ་ཧུ་དཱ་པ་ཚོས་ང་ཚོར་བཀའ་ཁྲིམས་ཡོད་དེ། ཁོས་རང་ཉིད་དཀོན་མཆོག་གི་སྲས་སུ་བཅོས་པས་དེའི་སྒོ་ནས་གསོད་འོས་སོ་ཟེར་བས།  པི་ལ་ཏུས་དེ་ཐོས་ནས་མང་དུ་འཇིགས་ཏེ།  ཕོ་བྲང་ནང་ལོག་ནས་ཡེ་ཤུ་ལ། ཁྱེད་གང་ནས་ཡིན་ཞུས་ཀྱང་། ཡེ་ཤུས་བཀའ་ལན་ཅིའང་མ་གནང་ངོ་། ༡༠ པི་ལ་ཏུས། ང་ལ་མི་ལབ་བམ། ང་ལ་ཁྱེད་སྒྲོལ་བའི་དབང་དང་རྒྱང་ཤིང་ལ་རྐྱོང་བའི་དབང་ཡོད་པ་མི་ཤེས་སམ་ཞུས་སོ། ༡༡ ཡེ་ཤུས། སྟེང་ཕྱོགས་ནས་གནང་བ་མ་ཡིན་ན། ངའི་ཐོག་ཏུ་ཁྱེད་ལ་དབང་ཅིའང་མེད། ཁྱེད་ལས་ང་ཁྱེད་ཀྱི་ལག་ཏུ་གཏད་མཁན་དེ་ལ་སྡིག་པ་ཆེའོ། ཞེས་གསུངས་སོ། ༡༢ དེ་ཐོས་པ་དང་པི་ལ་ཏུས་ཁོང་ཐར་ཐབས་བཙལ་ཡང་། ཡ་ཧུ་དཱ་པ་ཚོས། སུས་རང་རྒྱལ་པོར་བཅོས་ན་དེ་རྒྱལ་པོ་ཆེན་པོའི་དགྲ་བོ་ཡིན་པས། མི་འདི་ཐར་དུ་འཇུག་ན་ཁྱེད་རྒྱལ་པོ་ཆེན་པོའི་མཛའ་བོ་མ་ཡིན་ཞེས་ཀུ་སྒྲ་སྒྲོགས་པས། ༡༣ པི་ལ་ཏུས་གཏམ་དེ་ཐོས་ནས། ཡེ་ཤུ་ཕྱི་རོལ་དུ་གདན་དྲངས་ནས། རྡོ་གཅལ་ལམ་ཨིབ་རིའི་སྐད་དུ་གབ་བཱ་ཐཱ་ཟེར་སར་ཁྲིམས་དཔོན་གྱི་ཁྲིར་བསྡད་དོ། ༡༤ དུས་ཚོད་ནི་པེ་སག་གི་སྟ་གོན་གྱི་ཉིན་ཕྱེད་ལའོ། པི་ལ་ཏུས་ཡ་ཧུ་དཱ་པ་ཚོར། ཁྱེད་ཀྱི་རྒྱལ་པོ་འདིའོ་ཞེས་སྨྲས་ནས། ༡༥ དེ་ཚོས་ཁོ་གསོད་ཁོ་གསོད། རྒྱང་ཤིང་ལ་རྐྱོངས་ཞེས་ཀུ་སྒྲ་བསྒྲགས་སོ། པི་ལ་ཏུས། ཁྱེད་ཀྱི་རྒྱལ་པོ་བརྐྱང་ངམ་སྨྲས་པས། བླ་ཆེན་ཚོས། རྒྱལ་པོ་ཆེན་པོ་མ་གཏོགས་པར་ང་ཚོར་རྒྱལ་པོ་གཞན་མེད་སྨྲས་པས། ༡༦ ཁོས་ཁོང་རྒྱང་ཤིང་ལ་བརྐྱང་བར་དེ་ཚོའི་ལག་ཏུ་བཏད་དོ༎
༡༧ དེ་ཚོས་ཡེ་ཤུ་འཁྲིད་དེ། ཁོང་གིས་ཉིད་ཀྱི་རྒྱང་ཤིང་རྒྱབ་ཏུ་བསྣམས་ནས་རྒྱལ་སའི་ཕྱི་རོལ་དུ་ཐོད་པའི་གནས་སམ་ཨིབ་རིའི་སྐད་དུ་གོལ་གོ་ཐཱ་ཟེར་སར་ཕེབས་སོ། ༡༨ དེར་དཀྱིལ་དུ་ཡེ་ཤུ་དང་། གཞོགས་གཉིས་སུ་མི་རེ་རྒྱང་ཤིང་ལ་བརྐྱངས་སོ། ༡༩ པི་ལ་ཏུས། ན་ཙཱ་རེད་པ་ཡེ་ཤུ་ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་བྲིས་པའི་བྱང་བུ་ཞིག་ཀྱང་རྒྱང་ཤིང་གི་མགོ་ལ་བཏགས་སོ། ༢༠ ཡེ་ཤུ་རྒྱང་ཤིང་ལ་བརྐྱངས་པའི་གནས་གྲོང་ཁྱེར་དང་ཉེ་ཞིང་། བྱང་བུ་དེར་ཨིབ་རིརོ་མཱཧེལ་ལེན་སྐད་སྣ་གསུམ་ནང་བྲིས་ཡོད་པས། ཡ་ཧུ་དཱ་པ་མང་པོས་བཀླགས་ནས། ༢༡ བླ་ཆེན་གྱིས་པི་ལ་ཏུ་ལ། ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་མ་འབྲི་བར། ཁོས་ང་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཟེར་རོ་ཞེས་འབྲི་བར་མཛོད་ཅིག ༢༢ ཅེས་སྨྲས་པའི་ལན་དུ་པི་ལ་ཏུས། ངས་ཅི་བྲིས་པ་བྲིས་ཟིན་ནོ་ཞེས་སྨྲས་སོ༎
༢༣ དམག་མི་ཚོས་ཡེ་ཤུ་བརྐྱངས་ནས། ན་བཟའ་ཁྱེར་ཏེ་མི་རེ་རེ་ལ་རེ་རེ་ཐོབ་ཕྱིར་ཁག་བཞིར་བྱས་སོ། ནང་གོས་ཚེམ་སྲུབ་མེད་པ་མགོ་ནས་འཇུག་ཐུག་འཐག་སྒྲུབ་ཡིན་པས། ༢༤ དེ་ཚོས་ཕན་ཚུན་འདི་མི་ཧྲལ་བར་སུ་ཐོབ་ལ་རྒྱན་རྒྱོབ་ཅིག་སྨྲས་སོ། མདོ་ན།
ང་ཡི་གྱོན་པ་རྣམས་བགོས་ཏེ༎
ང་ཡི་གོས་ལ་རྒྱན་བརྒྱབས་སོ༎
ཞེས་གསུངས་པ་དེ་གྲུབ་ཅིང་དམག་མིས་དེ་བཞིན་དུ་བྱས་སོ། ༢༥ ཡེ་ཤུའི་རྒྱང་ཤིང་གི་མདུན་དུ་ཁོང་གི་ཡུམ་དང་། ཡུམ་གྱི་ནུ་མོ་དང་། ཀ་ལོ་པཱའི་ཆུང་མ་མིར་ཡམ་དང་། མག་དལ་མ་མིར་ཡམ་ལངས་ཡོད་པ་དང་། ༢༦ ཡེ་ཤུས་ཡུམ་དང་ཐུགས་སུ་བྱོན་པའི་ཉེ་གནས་དེར་ལངས་པ་གཟིགས་ནས་ཡུམ་ལ། མ། འདི་ཁྱེད་ཀྱི་བུ་ཡིན་གསུངས་ནས། ༢༧ ཉེ་གནས་དེ་ལ། འདི་ཁྱོད་ཀྱི་མ་ཡིན་གསུངས་སོ། ཉེ་གནས་དེས་དེ་ཕྱིན་ཡུམ་ཁོང་རང་གི་ཁྱིམ་དུ་འཁྲིད་དོ༎
༢༨ དེའི་རྗེས་སུ་ཡེ་ཤུས་ཐམས་ཅད་གྲུབ་པ་མཁྱེན་ཏེ། མདོ་ན་གསུངས་པ་འགྲུབ་པའི་ཕྱིར། ང་སྐོམ་མོ་གསུངས་པ་དང་། ༢༩ དེར་སྐྱུར་རྩིས་གང་བའི་སྣོད་ཅིག་ཡོད་པས། ཆུ་བལ་ཞིག་སྐྱུར་རྩིར་སྦངས་ནས་རྩྭ་ཨི་སོབ་ཀྱི་རྩེ་ལ་བསྐོན་ཏེ་ཞལ་ལ་བསྐྱལ་ཏོ། ༣༠ ཡེ་ཤུས་སྐྱུར་རྩི་བཞེས་ནས། བསྒྲུབས་སོ། ཞེས་གསུངས་ནས་དབུ་དགུས་ནས་སྐུ་སྲོག་གནང་ངོ་༎
༣༡ དེའི་ཉིན་སྟ་གོན་གྱི་ཉིན་མོ་ཡིན་ཏེ། འོང་རྒྱུའི་ཤབ་བཱད་དེ་ནི་ཆེ་བ་ཞིག་ཡིན་པས། ཤབ་བཱད་ཞག་ལ་སྤུར་རྒྱང་ཤིང་གི་ཁར་མི་ལུས་པའི་ཕྱིར། ཡ་ཧུ་དཱ་པ་ཚོས་པི་ལ་ཏུ་ལ། རྐང་བཅག་ནས་རོ་རྣམས་འཁྱེར་བའི་ཕྱིར་ཞུས་སོ། ༣༢ དེའི་ཕྱིར་དམག་མི་འོངས་ནས། ཁོང་མཉམ་བརྐྱངས་པའི་མི་གཉིས་པོའི་རྐང་པ་བཅག་གོ། ༣༣-༣༤ ཡེ་ཤུའི་དྲུང་དུ་བསླེབས་ནས་སྐུ་གྲོངས་ཟིན་པ་མཐོང་སྟེ་ཞབས་མ་བཅག་པར། གཅིག་གིས་སྐུའི་གཞོགས་ལ་མདུང་བཙུགས་མ་ཐག་ཏུ། སྐུ་ཁྲག་དང་ཆུ་ཐོན་ཏོ། ༣༥ ཁྱེད་ཚོའང་དད་པའི་ཕྱིར། གང་མཐོང་བ་དེས་དཔང་པོ་བྱེད་དེ། དཔང་པོ་དེ་ནི་བདེན་པ་ཡིན་ཅིང་། ཁོ་རང་གིས་སྨྲ་བ་དྲང་པོ་ཡིན་པར་ཤེས་སོ། ༣༦ མདོ་ན། ཁོང་གི་གདུང་རུས་གཅིག་ཀྱང་མི་བཅག་ཞེས་དང་། ༣༧ དེ་ཚོས་མདུང་གིས་ཕུག་པར་དེ་ཚོས་བལྟ། ཞེས་བྲིས་པ་འགྲུབ་པའི་ཕྱིར་བྱ་བ་དེ་བྱུང་ངོ་༎
༣༨ དེའི་རྗེས་སུ་ཡ་ཧུ་དཱ་པར་འཇིགས་ཏེ་གསང་ནས་ཡེ་ཤུའི་ཉེ་གནས་ཡིན་པའི་ཨ་རི་མ་ཐི་ཡཱ་པ་ཡོ་སེབ་ཀྱིས། ཡེ་ཤུའི་སྐུ་སྤུར་འཁྱེར་བའི་དགོངས་པ་པི་ལ་ཏུ་ལས་ཞུས་པ་པི་ལ་ཏུས་གནང་བས། ཁོ་འོངས་ནས་ཡེ་ཤུའི་སྐུ་སྤུར་གདན་འདྲེན་ཞུས་སོ། ༣༩ སྔར་མཚན་མོ་ཡེ་ཤུ་མཇལ་བའི་ནི་ཀོ་དེམ། གན་དྷ་ར་ས་དང་ཨ་ག་རུ་བསྲེས་མ་ཉ་ག་གསུམ་བརྒྱ་ཙམ་འཁུར་འོངས་པ་དང་། ༤༠ ཡ་ཧུ་དཱ་པའི་དུར་དུ་སྦས་ལུགས་བཞིན་དུ། ཡེ་ཤུའི་སྐུ་སྤུར་བླངས་ཏེ། སྤོས་དང་བཅས་རས་ཀྱིས་བཏུམ་མོ། ༤༡ ཁོང་རྒྱང་ཤིང་ལ་བརྐྱངས་པའི་ས་རུ་སྐྱེད་ཚལ་ཞིག་ཡོད་དེ། དེའི་ནང་སྔར་ནམ་ཡང་རོ་མ་བཞག་པའི་དུར་ཁུང་གསར་པ་ཞིག་ཡོད་པས། ༤༢ དེ་ཐག་ཉེ་ཞིང་། ཡ་ཧུ་དཱ་པའི་སྟ་གོན་གྱི་ཉིན་མོ་ཡིན་པས་ཡེ་ཤུ་དེར་གདན་འདྲེན་ཞུས་སོ༎