༢༠
བདུན་ཕྲག་གི་ཞག་དང་པོར་ནམ་མ་ལངས་ཁར་མག་དལ་མ་མིར་ཡམ་སྤུར་ཁང་དུ་བསླེབས་དུས། སྤུར་ཁང་ནས་ཁ་རྡོ་དེ་སྒྲིལ་ཡོད་པ་མཐོང་བས།  ཤི་མོན་པེ་ཏྲོ་དང་ཡེ་ཤུའི་ཐུགས་བརྩེ་བའི་ཉེ་གནས་ཀྱི་རྩར་རྒྱུག་གིན་སོང་ནས་དེ་གཉིས་ལ། གཙོ་བོ་ནི་སྤུར་ཁང་ནས་འཁྱེར་འདུག་གོ། ག་རུ་བཞག་པ་ངས་མི་ཤེས་སོ་སྨྲས་པས།  པེ་ཏྲོ་དང་ཉེ་གནས་གཞན་དེ་ཕྱིར་བྱུང་ནས་སྤུར་ཁང་ལ་སོང་ངོ་།  ཁོང་གཉིས་མཉམ་དུ་བརྒྱུགས་ཀྱང་ཉེ་གནས་གཞན་དེ་པེ་ཏྲོ་ལས་ཐལ་ནས་སྤུར་ཁང་དུ་སྔོན་དུ་བསླེབས་པས།  བལྟ་ཕྱིར་མགོ་དགུ་བ་ལས་སྤུར་རས་རྣམས་དེར་ཡོད་པ་མཐོང་ཞིང་ནང་དུ་མ་ཞུགས།  དེའི་ཕྱི་བཞིན་ཤི་མོན་པེ་ཏྲོའང་བསླེབས་ནས། སྤུར་ཁང་ནང་ཞུགས་ཏེ། རས་དང་།  དབུ་ལ་བཏུམ་པའི་ཞལ་ཕྱིས་རས་གཞན་རྣམས་དང་མ་བསྲེ་བར། བསྒྲིལ་ཏེ་སོ་སོར་བཞག་ཡོད་པ་མཐོང་ངོ་།  དེ་ནས་སྤུར་ཁང་དུ་སྔོན་ལ་བསླེབས་པའི་ཉེ་གནས་གཞན་དེའང་ནང་དུ་ཞུགས་ནས་མཐོང་བས་དད་པར་གྱུར་ཏོ།  གཤིན་པོའི་ཁྲོད་ནས་སྐུ་གསོན་པོར་བཞེངས་དགོས་སོ། ཞེས་བྲིས་པའི་གསུང་ནི་དེ་ཐུག་མ་ཤེས་སོ། ༡༠ དེ་ནས་ཉེ་གནས་གཉིས་པོ་ཁྱིམ་དུ་ལོག་གོ།
༡༡ མིར་ཡམ་སྤུར་ཁང་གི་ཕྱི་རོལ་དུ་ངུ་ཞིང་ཡོད་དེ། ངུ་བཞིན་སྤུར་ཁང་གི་ནང་དུ་བལྟས་པས། ༡༢ ཡེ་ཤུའི་སྤུར་བཞག་ས་ལ། གོས་དཀར་པོ་གྱོན་པའི་ཕོ་ཉ་གཉིས། དབུའི་ལོགས་སུ་གཅིག་དང་ཞབས་ཀྱི་ལོགས་སུ་གཅིག་ཡོད་པ་མཐོང་ངོ་། ༡༣ དེ་གཉིས་ཀྱིས། བུ་མོ། ཅི་ལ་ངུ་སྨྲས་པས། མོས། ངའི་གཙོ་བོ་ཁྱེར་འདུག་སྟེ། གར་བཞག་པ་མི་ཤེས་སོ་ཟེར་ཞིང་། ༡༤ ཁ་ཕྱིར་ལོག་ནས་བལྟས་པས་ཡེ་ཤུ་དེར་བཞེངས་ཡོད་པ་མཇལ་ཀྱང་། ཁོང་ཡིན་པར་མ་ཤེས་སོ། ༡༥ ཡེ་ཤུས། བུ་མོ། ཅི་ལ་ངུ་། སུ་འཚོལ་གསུངས་ཀྱང་། མོས་སྐྱེད་ཚལ་སྲུང་མཁན་ཡིན་པར་བསམས་ནས། ཇོ་བོ། གལ་ཏེ་ཁྱེད་ཀྱིས་ཁོང་ཁྱེར་ཡོད་ན་བཞག་ས་ཤོད་ཅིག ངས་ཁོང་གདན་ཞུའོ་ཞུས་སོ། ༡༦ ཡེ་ཤུས། མིར་ཡམ། ཞེས་གསུངས་པ་དང་། མོས་ཁོང་གི་ཕྱོགས་སུ་བསྒྱུར་ནས། ཨིབ་རིའི་སྐད་དུ། རབ་བུ་ནི། བོད་སྐད་དུ། སྟོན་པ་ལགས། ཞུས་སོ། ༡༧ ཡེ་ཤུས། ད་དུང་ང་ཡབ་ཀྱི་དྲུང་དུ་མ་འཕགས་པས། ང་ལ་མ་རེག་ཅིག ངའི་སྤུན་ཚོའི་རྩར་སོང་ནས། ང་ནི་ངའི་ཡབ་དང་ཁྱེད་ཀྱི་ཡབ། ངའི་དཀོན་མཆོག་དང་ཁྱེད་ཀྱི་དཀོན་མཆོག་གི་དྲུང་དུ་ཡར་འགྲོའོ་ཞེས་སྨྲོས་ཤིག་གསུངས་སོ། ༡༨ མག་དལ་མ་མིར་ཡམ་ལོག་ནས་ཉེ་གནས་རྣམས་ལ། ངས་གཙོ་བོ་མཇལ་ལོ། ཟེར་ཞིང་ཁོང་གིས་གསུངས་པ་རྣམས་བཤད་དོ༎
༡༩ བདུན་ཕྲག་གི་ཞག་དང་པོ་དེ་ཀའི་ཕྱི་དྲོ། ཡ་ཧུ་དཱ་པའི་འཇིགས་པས་ཉེ་གནས་རྣམས་སྒོ་བརྟན་དམ་པོར་མནན་ནས་བསྡད་ཡོད་པར། ཡེ་ཤུ་བྱོན་ནས་དཀྱིལ་དུ་བཞེངས་ཏེ། ཞི་བདེ་བར་གྱུར་ཅིག་གསུངས་ནས། ༢༠ ཕྱག་དང་གཞོགས་དེ་ཚོར་བསྟན་པར་མཛད་དོ། གཙོ་བོ་དང་མཇལ་བས་ཉེ་གནས་རྣམས་དགའ་བར་གྱུར་ཏོ། ༢༡ ཡེ་ཤུས་སླར། ཞི་བདེ་བར་གྱུར་ཅིག ཡབ་ཀྱིས་ང་མངགས་པ་ལྟར། ངས་ཀྱང་ཁྱེད་མངག་གོ། ༢༢ ཞེས་གསུངས་ནས། དེ་ཚོར་ཕུ་བཏབ་ནས། དམ་པའི་ཐུགས་ཉིད་བློང་ཞིག ༢༣ ཁྱེད་ཀྱིས་སུའི་སྡིག་པ་སེལ་ན། དེའི་སྡིག་པ་དག་གོ། སུའི་སྡིག་པ་མི་སེལ་ན་ལུས་སོ་གསུངས་སོ༎
༢༤ བཅུ་གཉིས་པོའི་ནང་ནས་མཚེ་མ་ཟེར་བའི་ཐོ་མཱ་ནི་ཡེ་ཤུ་ཕེབས་དུས་དེར་མེད་པས། ༢༥ ཉེ་གནས་གཞན་ཚོས། ང་ཚོས་གཙོ་བོ་མཇལ་བྱུང་ཞེས་སྨྲས་ཀྱང་། ཁོས། ངས་ཁོང་གི་ཕྱག་ནང་གཟེར་གྱི་ཤུལ་མཐོང་སྟེ། ཤུལ་ནང་མཛུབ་མོ་འཇུག་སྟེ། ཁོང་གི་གཞོགས་ནང་ལག་པ་བཞག་ནས་མིན་པ་ང་ཡིད་མི་ཆེས་སོ་ཟེར་ཏོ། ༢༦ ཞག་བརྒྱད་ཀྱི་རྗེས་སུ། ཉེ་གནས་རྣམས་སླར་ཁང་པ་དེར་ཡོད་པས། ཐོ་མཱའང་ཡོད་དེ། སྒོ་བརྟན་དམ་པོར་མནན་ཡོད་ཀྱང་། ཡེ་ཤུ་ནང་དུ་བྱོན་ནས་དཀྱིལ་ལ་བཞེངས་ཏེ། ཞི་བདེ་བར་གྱུར་ཅིག་གསུངས་ཤིང་། ༢༧ ཐོ་མཱ་ལ། ཁྱོད་ཀྱི་མཛུབ་མོ་འདིར་ཆུག་ཅིག ངའི་ལག་པ་ལ་ལྟོས། ལག་པ་རྐྱོང་ལ་ངའི་གཞོགས་ཀྱི་ནང་དུ་ཆུག་དང་། དད་མེད་མ་འགྱུར་བར་དད་པ་བྱོས་ཤིག་ཅེས་གསུངས་སོ། ༢༨ ཐོ་མཱས། ངའི་གཙོ་བོ་ལགས། ངའི་དཀོན་མཆོག་ལགས་ཞུས་སོ། ༢༩ ཡེ་ཤུས། ཁྱོད་ཀྱིས་ང་མཐོང་བས་དད་པ་བྱས་སམ། ང་མ་མཐོང་བར་དད་པ་བྱས་པ་རྣམས་བདེའོ་གསུངས་སོ༎
༣༠ མདོ་འདི་ནང་མ་བྲིས་པའི་ལྟས་གཞན་མང་པོ་ཡེ་ཤུས་ཉེ་གནས་རྣམས་ཀྱི་མདུན་དུ་མཛད་དོ། ༣༡ ཡེ་ཤུ་དཀོན་མཆོག་གི་སྲས་མཱ་ཤི་ཀ་ལགས་པར་ཁྱེད་ཀྱིས་དད་པ་བྱེད་པ་དང་། དད་ཅིང་ཁོང་གི་མཚན་གྱི་སྒོ་ནས་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་བྱ་བ་འདི་རྣམས་བྲིས་སོ༎