༢༡
དེའི་རྗེས་སུ་ཡེ་ཤུས་ཏི་བེར་ཡཱའི་མཚོ་འགྲམ་དུ་ཉེ་གནས་རྣམས་ལ་སླར་ཡང་མཇལ་ཁ་གནང་ངོ་། འདི་ལྟ་བུར་མཇལ་ཏེ།  ཤི་མོན་པེ་ཏྲོ་དང་། མཚེ་མ་ཟེར་བའི་ཐོ་མཱ་དང་། ག་ལིལ་གྱི་ཁ་ནཱ་པ་ན་ཐན་ཨེལ་དང་། ཟེ་བད་ཡཱའི་བུ་གཉིས་པོ་དང་། ཉེ་གནས་གཞན་གཉིས་བཅས་ཡོད་པས།  ཤི་མོན་པེ་ཏྲོས། ང་ཉ་འཛིན་དུ་འགྲོའོ་སྨྲས་སོ། དེ་ཚོས་ང་ཚོའང་ཁྱོད་མཉམ་འགྲོའོ་སྨྲས་ཤིང་སོང་སྟེ་གྲུའི་ནང་དུ་ཞུགས་པ་དང་། མཚན་མོ་དེར་ཉ་ཅིའང་མ་བཟུང་ངོ་།  ནམ་ལངས་པའི་ཚེ། ཡེ་ཤུ་མཚོ་འགྲམ་དུ་བཞེངས་ཡོད་ཀྱང་། ཉེ་གནས་རྣམས་ཀྱིས་ཁོང་ཡིན་པར་མ་ཤེས་སོ།  ཡེ་ཤུས། བུ་རྣམས། ཟ་རྒྱུ་ཞིག་ཡོད་དམ་གསུངས་པས། མེད་ཞུས་སོ།  ཁོང་གིས། གྲུའི་གཡས་ཕྱོགས་ལ་ཉ་དོལ་ཐོང་ཞིག་ཐོབ་འོང་གསུངས་པས། དེ་ཚོས་ཉ་དོལ་བཏང་བས། ཉ་མང་སྟབས་ཀྱིས་ཉ་དོལ་འཐེན་མ་ཐུབ་པས།  ཡེ་ཤུའི་ཐུགས་སུ་བྱོན་པའི་ཉེ་གནས་ཀྱིས་པེ་ཏྲོ་ལ། གཙོ་བོ་ཡིན་ནོ། སྨྲས་སོ། ཤི་མོན་པེ་ཏྲོས་གཙོ་བོ་ཡིན་ནོ་སྨྲས་པ་ཐོས་པ་དང་། གཅེར་བུར་ཡོད་པས། གོས་གོན་ཏེ་མཚོར་མཆོངས་སོ།  ཉེ་གནས་གཞན་རྣམས། སྐམ་ས་ནས་ཁྲུ་ཉིས་བརྒྱ་ཙམ་མ་གཏོགས་མེད་པས། ཉས་གང་བའི་ཉ་དོལ་འདྲུད་ཅིང་གྲུའི་ནང་དུ་འོངས་ནས།  སྐམ་སར་བསླེབས་པ་དང་། དེར་སོལ་བའི་མེ་དང་། མེའི་ཁར་ཉ་དང་། བག་ལེབ་ཡོད་པར་མཐོང་ངོ་། ༡༠ ཡེ་ཤུས། ད་ལྟ་བཟུང་བའི་ཉ་རེ་འཁུར་ཤོག་གསུངས་པས། ༡༡ ཤི་མོན་པེ་ཏྲོ་གྲུའི་ནང་ཕྱིན་ནས། ཉ་ཆེ་བ་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་གང་བའི་ཉ་དོལ་དེ་སྐམ་སར་འདྲུད་དོ། ཉ་དེ་ཙམ་མང་པོ་ཡོད་ཀྱང་ཉ་དོལ་མ་ཆད་དོ། ༡༢ ཡེ་ཤུས། ཤོག་ལ། དྲོ་ཟས་ཟོ་གསུངས་སོ། ཉེ་གནས་ཚོས་གཙོ་བོ་ཡིན་པར་ཤེས་ཏེ། ཁྱེད་སུ་ཡིན་ཞེས་སུས་ཀྱང་བཀའ་འདྲི་ཞུ་མ་སྤོབས་སོ། ༡༣ ཡེ་ཤུ་མདུན་དུ་ཕེབས་ནས། བག་ལེབ་ཕྱག་ཏུ་བཞེས་ཤིང་། དེ་ཚོར་གནང་ངོ་། དེ་བཞིན་དུ་ཉ་འང་གནང་ངོ་། ༡༤ ཡེ་ཤུ་གཤིན་པོའི་ཁྲོད་ནས་སྐུ་གསོན་པོར་བཞེངས་པའི་འོག་ཏུ། ཉེ་གནས་རྣམས་ལ་མཇལ་ཁ་གནང་ཐེངས་གསུམ་པའོ༎
༡༥ དྲོ་ཟས་བཞེས་ཟིན་པ་དང་། ཡེ་ཤུས་ཤི་མོན་པེ་ཏྲོར། ཡོ་ཧ་ནན་གྱི་བུ་ཤི་མོན། འདི་རྣམས་ལས་ལྷག་པར་ཁྱོད་ཀྱིས་ང་ལ་གཅེས་པ་བྱེད་དམ་གསུངས་པས། ཁོས། བྱེད་དོ་གཙོ་བོ་ལགས། ངས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་ནོ་ཞུས་སོ། ཁོང་གིས། ངའི་ལུག་གུ་རྣམས་ཚོས་ཤིག་གསུངས་སོ། ༡༦ ཁོང་གིས་ལན་གཉིས་པར། ཡོ་ཧ་ནན་གྱི་བུ་ཤི་མོན། ང་ལ་གཅེས་པར་བྱེད་དམ་གསུངས་སོ། ཁོས། བྱེད་དོ་གཙོ་བོ་ལགས། ངས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་ནོ་ཞུས་སོ། ངའི་ལུག་རྣམས་སྐྱོངས་ཤིག་གསུངས་སོ། ༡༧ ལན་གསུམ་པར། ཡོ་ཧ་ནན་གྱི་བུ་ཤི་མོན། ང་ལ་གཅེས་པར་བྱེད་དམ་གསུངས་སོ། ཁོང་གིས་ཐེངས་གསུམ་ང་ལ་གཅེས་པར་བྱེད་དམ་གསུངས་པས། པེ་ཏྲོའི་སེམས་འཁྲུགས་ནས། གཙོ་བོ་ལགས། ཁྱེད་ཀྱིས་ཐམས་ཅད་མཁྱེན་པས། ངས་ཁྱེད་ལ་གཅེས་པར་བྱེད་པ་དེ་མཁྱེན་ནོ་ཞུས་སོ། ཡེ་ཤུས། ངའི་ལུག་ཚོས་ཤིག ༡༨ ཁྱོད་གཞོན་ནུའི་དུས་སུ་རང་གི་སྐ་རགས་རང་གིས་བཅིངས་ཏེ། རང་དགར་སོང་ངོ་། རྒས་དུས་སུ་ཁྱོད་ཀྱིས་ལག་པ་བརྐྱངས་ནས། གཞན་པས་ཁྱོད་ཀྱི་སྐ་རགས་བཅིངས་ཏེ། ཁྱོད་མི་དགའ་བའི་གནས་སུ་འཁྲིད་པར་འགྱུར་རོ་ཞེས་ངས་བདེན་པར་ཟེར་གསུངས་སོ། ༡༩ པེ་ཏྲོ་ཇི་ལྟ་བུའི་ཤི་ལུགས་ཀྱིས་དཀོན་མཆོག་གི་དཔལ་བརྗིད་སྟོན་པར་འགྱུར་བའི་བརྡ་གནང་ཕྱིར་དེ་ལྟར་གསུངས་ནས། ངའི་རྗེས་སུ་འབྲོངས་ཤིག་གསུངས་སོ༎
༢༠ དགོངས་ཟས་བཞེས་དུས་སུ། ཡེ་ཤུའི་སྐུ་བྲང་ལ་བསྙེས་ནས། གཙོ་བོ་ཁྱེད་དགྲར་བཏད་མཁན་སུ་ཡིན་ཞུས་པའི་ཡེ་ཤུའི་ཐུགས་སུ་བྱོན་པའི་ཉེ་གནས་ཀྱང་འབྲངས་ནས་འོངས་སོ། པེ་ཏྲོས་ཁ་བསྒྱུར་ནས་དེ་མཐོང་བས། ཡེ་ཤུ་ལ། ༢༡ གཙོ་བོ། ཁོ་ལ་ཅི་འབྱུང་བར་འགྱུར་ཞུས་པས། ༢༢ ཡེ་ཤུས། གལ་ཏེ་ང་མ་འོང་བའི་བར་དུ་ཁོ་ལུས་པར་ང་དགའ་ན་ཁྱོད་ལ་ཅི་སྟོ། ཁྱོད་རང་ངའི་རྗེས་སུ་འབྲོང་ཞིག་གསུངས་སོ། ༢༣ དེས་ཉེ་གནས་དེ་མི་འཆི་ཞེས་པའི་གཏམ་སྤུན་གྱི་ཁྲོད་དུ་ཁྱབ་བོ། འོན་ཀྱང་ཡེ་ཤུས་ཉེ་གནས་དེ་མི་འཆི་མ་གསུངས་ཀྱིས། གལ་ཏེ་ང་མ་འོང་བའི་བར་དུ་ཁོ་ལུས་པར་ང་དགའ་ན། ཁྱོད་ལ་ཅི་སྟོ་གསུངས་པ་ཡིན་ནོ༎
༢༤ བྱ་བ་དེ་ཚོར་དཔང་པོ་བྱེད་མཁན་དང་། འདི་ཚོ་འབྲི་མཁན་ནི་ཉེ་གནས་འདི་ཀ་ཡིན་ཏེ། དེའི་དཔང་པོ་བདེན་པ་ཡིན་པར་ང་ཚོས་ཤེས་སོ། ༢༥ ཡེ་ཤུས་མཛད་པའི་མཛད་རྒྱ་གཞན་མང་པོ་ཡོད་ཀྱང་། རེ་རེ་བཞིན་འབྲི་ན། ངའི་བསམ་ཚོད་ལྟར། བྲིས་པའི་མདོ་རྣམས་འཇིག་རྟེན་གྱི་ནང་ཤོང་བར་དཀའོ༎ ༎