༥
ཨ་ནན་ཡཱ་བྱ་བ་དང་དེའི་ཆུང་མ་སབ་ཕི་རཱས་གཞིས་ཀ་བཙོངས་ནས། ༢ རིན་གྱི་ཆ་གཅིག་རང་དང་མཉམ་དུ་བཞགས་ནས་ཡོད་པ་ཆུང་མས་ཀྱང་ཤེས་ཤིང་ཆ་གཅིག་སྐུ་ཚབ་རྣམས་ཀྱི་ཞབས་དྲུང་དུ་ཕུལ་ཏོ། ༣ པེ་ཏྲོས་དེ་ལ། ཨ་ནན་ཡཱ། ཁྱོད་ཀྱིས་སའི་རིན་ཆ་གཅིག་རང་ལ་བཞག་པས་དམ་པའི་ཐུགས་ཉིད་ལ་རྫུན་ཞུ་ཕྱིར། ཁྱོད་ཀྱི་སྙིང་བདུད་ཀྱིས་ཁེངས་པ་དེ་ཅི་ཡིན། ༤ དེ་མ་བཙོངས་པའི་སྔོན་དུའང་ཁྱོད་ཀྱི་ཡིན་ཅིང་། བཙོངས་པའི་རྗེས་སུའང་ཁྱོད་ཀྱི་དབང་ལ་ཡོད་དེ། ཁྱོད་ཀྱི་སྙིང་ནང་བྱ་བ་འདི་བརྩམས་པ་ཅི་ཡིན། ཁྱོད་ཀྱིས་མི་ལ་རྫུན་མ་སྨྲས་ཀྱིས་དཀོན་མཆོག་ལ་ཞུས་སོ། ༥ ཞེས་གསུངས་པ་ཐོས་ནས། ཨ་ནན་ཡཱ་སར་འགྱེལ་ནས་ཤིའོ། འདི་ཐོས་པ་ཐམས་ཅད་འཇིགས་སྐྲགས་སོ། ༦ གཞོན་ནུ་ཚོས་ཁོའི་རོ་བཏུམ་སྟེ་ཁྱེར་ནས་དུར་དུ་བཅུག་གོ།༧ དེ་ནས་ཆུ་ཚོད་གསུམ་སོང་བ་དང་། དེའི་ཆུང་མས་ཁོར་ཅི་བྱུང་བ་ཆ་མེད་པར་ནང་དུ་འོངས་ཏེ། ༨ པེ་ཏྲོས་མོ་ལ། ཁྱོད་ཀྱིས་ཞིང་དེའི་རིན་དེ་ཙམ་ལ་བཙོངས་སམ་ཤོད་ཅིག་གསུངས་པའི་ལན་དུ། དེ་ཙམ་རང་ལའོ་ཞུས་སོ། ༩ པེ་ཏྲོས། གཙོ་བོའི་ཐུགས་སད་པའི་ཕྱིར་ཁྱོད་གཉིས་གཅིག་ཏུ་ཅི་ལ་གྱུར། ཁྱོད་ཀྱི་ཁྱོ་དུར་དུ་སྦེད་མཁན་རྣམས་སྒོ་རྩ་ན་འདུག་སྟེ། ཁྱོད་ཀྱང་འཁྱེར་འོང་གསུངས་མ་ཐག་ཏུ། ༡༠ མོ་ཡང་ཁོང་གི་ཞབས་དྲུང་དུ་འགྱེལ་ཏེ་ཤི་བ་དང་། གཞོན་ནུ་ཚོས་ནང་དུ་འོངས་ཏེ་མོ་ཤི་བ་མཐོང་ནས། ཁྱེར་ཏེ་ཁྱོའི་རྩར་སྦས་སོ། ༡༡ ཆོས་ཚོགས་ཚོ་དང་། གནས་ལུགས་དེ་ལྟར་གྱུར་པའི་གཏམ་ཐོས་ཚད་འཇིགས་སྐྲགས་སོ༎
༡༢ མི་སྡེའི་དཀྱིལ་དུ་སྐུ་ཚབ་རྣམས་ཀྱི་སྒོ་ནས་ལྟས་དང་ངོ་མཚར་མང་པོ་བྱུང་ངོ་། ཁོང་ཐམས་ཅད་ཡིད་མཐུན་པར་ཤ་ལོ་མོའི་གཡབ་རིང་ནང་འཛོམས་སོ། ༡༣ གཞན་རྣམས་ཉེ་བར་འོང་དུ་མ་སྤོབས་ཤིང་། ཡུལ་མི་ཚོས་དེ་རྣམས་ལ་བསྟོད་དོ། ༡༤ དད་པར་གྱུར་པའི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་མང་པོ་གཙོ་བོའི་ཆོས་ཚོགས་ནང་འདྲེས་སོ། ༡༥ པེ་ཏྲོ་ཕེབས་སྐབས་ཁོང་གི་གྲིབ་མ་ཙམ་ཡང་ཁ་ཤས་ལ་འཕོག་ཕྱིར་ནད་པ་རྣམས་ལམ་སྲང་དུ་ཁྱེར་ནས། མལ་སྟན་དང་ཉལ་ཁྲིར་བཞག་གོ། ༡༦ ནད་པ་དང་འགོང་ཞུགས་རྣམས་ཁྱེར་ནས། ཡེ་རུ་ཤ་ལེམ་གྱི་མཐའ་འཁོར་ལ་ཡོད་པའི་གྲོང་ཁྱེར་རྣམས་ནས། མི་ཚོགས་འཛོམས་ཏེ། དེ་ཐམས་ཅད་སོས་པར་གྱུར་ཏོ༎
༡༧ བླ་ཆེན་དང་དེའི་ཕྱོགས་གཏོགས་ཆོས་ལུགས་སད་དུ་ཀི་པ་རྣམས། ཕྲག་དོག་གིས་ཁྱབ་ཅིང་ལངས་ནས། ༡༨ སྐུ་ཚབ་རྣམས་བཟུང་སྟེ་སྤྱིའི་བཙོན་ཁང་ནང་བཅུག་གོ། ༡༩ འོན་ཀྱང་མཚན་མོར་གཙོ་བོའི་ཕོ་ཉས་བཙོན་ཁང་གི་སྒོ་རྣམས་ཕྱེས་ནས་དེ་དག་ཕྱི་རོལ་དུ་ཁྲིད་ནས་འདི་སྐད་དུ། ༢༠ སོང་ལ་མཆོད་ཁང་དུ་ལངས་ནས་མི་སྡེ་ལ་ཚེ་གསར་པ་འདིའི་གཏམ་ཐམས་ཅད་ཤོད་ཅིག ༢༡ ཅེས་གསུངས་པ་ཐོས་ནས། ནམ་ལངས་དུས་སུ་མཆོད་ཁང་གི་ནང་དུ་སོང་ནས་ཆོས་བསྟན་ཏོ། བླ་ཆེན་དང་དེའི་ཕྱོགས་གཏོགས་པ་རྣམས་ཀྱིས་ནི། རྒན་མི་དང་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་གྲོས་མི་ཐམས་ཅད་གྲོས་འདུན་དུ་བསྡུས་ནས། ༢༢ བཙོན་པ་རྣམས་འཁྲིད་འོང་བའི་ས་དེར་སོང་བ་དང་བཙོན་ཁང་ན་ཁོང་མ་བརྙེད་པས། ལོག་འོངས་ཏེ་འདི་སྐད་དུ། ༢༣ བཙོན་ཁང་དམ་དུ་བཅད་དེ་སྲུང་མཁན་སྒོ་སྲུང་རྣམས་འདུག་ཀྱང་། སྒོ་ཕྱེས་པས་དེའི་ནང་སུའང་མི་འདུག་གོ་ཞེས་སྨྲས་སོ། ༢༤ མཆོད་ཁང་གི་བརྒྱ་དཔོན་དང་བླ་ཆེན་ཚོས་དེ་ཐོས་ནས། མཐར་ཐུག་ཅི་འོང་སེམས་ཤིང་དེ་ཚོའི་སྐོར་ད་ཅི་བྱ་མ་ཤེས་པ་ལས། ༢༥ མི་ཞིག་འོངས་ཏེ། ཁྱེད་ཀྱིས་བཙོན་དུ་བཅུག་པ་ཚོས་ནི། མཆོད་ཁང་ནང་ལངས་ཏེ་མི་སྡེ་ལ་ཆོས་སྟོན་ནོ་ཞེས་སྨྲས་སོ། ༢༦ བརྒྱ་དཔོན་དེ་ལས་སྣེ་པ་རྣམས་དང་བཅས་སོང་ནས། མི་སྡེས་ཁོ་ཚོར་རྡོ་རུབ་གཏང་བའི་འཇིགས་པས། དེ་དག་ལ་གནོད་འཚེ་མེད་པར་ཁྲིད་འོངས་སོ༎
༢༧ དེ་ནས་འཁྲིད་དེ་གྲོས་འདུན་པའི་མདུན་དུ་བཞག་གོ། བླ་ཆེན་གྱིས་དེ་ཚོར། ༢༨ ང་ཚོས་ཁྱོད་ལ་མིང་འདི་རྗོད་ཅིང་ཆོས་འཆད་མི་ཆོག་བརྗོད་ཀྱང་། ཁྱོད་ཀྱིས་ཡེ་རུ་ཤ་ལེམ་བསྟན་པ་དེས་ཁྱབ་པར་བྱས་ཤིང་། མི་དེ་གསད་པའི་ཁྲག་ང་ཚོར་འགེལ་བར་འདོད་དོ་ཞེས་སྨྲས་སོ། ༢༩ པེ་ཏྲོ་དང་སྐུ་ཚབ་ཚོས་ལན་དུ། ང་ཚོས་མི་ལས་དཀོན་མཆོག་གི་བཀའ་ལ་ལྷག་པར་ཉན་དགོས་ཏེ། ༣༠ ཁྱེད་ཚོས་རྒྱང་ཤིང་ལ་བརྐྱངས་ཏེ་བཀྲོངས་པའི་ཡེ་ཤུ་དེ་ནི། ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གིས་སྐུ་གསོན་པོར་བསླངས་པར་མཛད་དོ། ༣༡ ཁོང་ནི་དཀོན་མཆོག་གིས་གཙོ་བོ་དང་སྐྱབས་མགོན་དུ་འགྱུར་ཕྱིར། ཉིད་ཀྱི་ཕྱག་གཡས་སུ་མཐོ་སར་བཏེགས་སོ། དེ་ནི་ཨིས་ར་ཨེལ་ལ་འགྱོད་ཚངས་དང་སྡིག་སེལ་གནང་བའི་ཕྱིར་རོ། ༣༢ བྱ་བ་འདི་དག་ལ་ང་ཚོ་ཙམ་མ་ཟད། བཀའ་འབངས་རྣམས་ལ་དཀོན་མཆོག་གིས་གནང་བའི་དམ་པའི་ཐུགས་ཉིད་ཀྱིས་ཀྱང་དཔང་པོ་མཛད་དོ། ཞེས་གསུངས་སོ༎
༣༣ དེ་ཚོས་དེ་ཐོས་ནས་ཁྲོས་ཏེ་ཁོང་ཚོ་གསོད་པར་འདོད་དོ། ༣༤ འོན་ཀྱང་ཐམས་ཅད་ཀྱིས་བཀུར་བའི་ཕ་རུ་ཤི་པ་ག་མ་ལི་ཨེལ་བྱ་བ་བཀའ་ཁྲིམས་ཀྱི་སྟོན་པ་གྲོས་འདུན་པར་ཡོད་པ་དེ་ལངས་ཏེ་སྐུ་ཚབ་རྣམས་ཅུང་ཟད་ཅིག་ཕྱི་རོལ་དུ་འཁྲིད་ཕྱིར་བསྒོས་ནས་འདི་སྐད་དུ། ༣༥ ཨིས་ར་ཨེལ་པ་རྣམས། ཁྱེད་ཚོས་མི་འདི་ཚོར་ཅི་བྱེད་པར་བརྩམ་པར་བག་ཟོན་བྱོས་ཤིག ༣༦ འདི་ལས་སྔོན་ལ་ཐེའུ་དཱ་ཐོན་ཏེ་ཁོ་རང་ཅི་ཞིག་ཡིན་ཟེར་ནས། མི་བཞི་བརྒྱ་ཙམ་ཁོ་དང་མཉམ་འབྲེལ་ཀྱང་། ཁོ་བསད་པའི་རྗེས་སུ་ཁོ་ལ་འབྲང་མཁན་ཐམས་ཅད་ཡན་ནས་མེད་པར་གྱུར་ཏོ། ༣༧ དེའི་རྗེས་སུ་མི་རྩིས་ཀྱི་སྐབས་སུ་ག་ལིལ་པ་ཡུ་དཱ་བྱ་བ་ཞིག་ཐོན་ཏེ། ཁོ་རང་གི་ཕྱོགས་སུ་མི་རྣམས་ཁྲིད་པ་ཡིན། ཁོའང་མེད་པར་བྱས་པའི་རྗེས་སུ་ཁོ་ལ་འབྲང་མཁན་ཐམས་ཅད་ཀྱང་ཡན་ཏོ། ༣༨ ངས་ཁྱེད་ལ་ཟེར་ན། མི་འདི་རྣམས་རང་གར་ཞོག གལ་ཏེ་ཐབས་སམ་བྱ་བ་འདི་མི་ནས་བྱུང་བ་ཡིན་ན་ནུབ་པར་འགྱུར། ༣༩ བདེན་པར་དཀོན་མཆོག་ནས་བྱུང་བ་ཡིན་ན། ཁྱེད་ཀྱིས་སྣུབ་མི་ནུས་པ་མ་ཟད། ཁྱེད་ཚོ་དཀོན་མཆོག་ལ་རྒོལ་མཁན་དུ་འགྱུར་ཉེན་ཡོད། སྨྲས་སོ། ༤༠ དེ་ཚོས་ཁོའི་ཁ་ལ་ཉན་ཏེ། སྐུ་ཚབ་རྣམས་བོས་ནས། བརྡུངས་ཏེ་ཡེ་ཤུའི་མཚན་རྗོད་ཅིང་གཏམ་མི་བྱེད་པའི་བཀའ་བསྒོས་ནས་བཏང་ངོ་། ༤༡ དེ་ཚོས་ཁོང་གི་མཚན་གྱི་ཕྱིར་དམའ་འབེབས་མྱོང་འོས་པ་བརྩིས་པར་མཛད་པས། ཁྲིམས་ར་ནས་དགའ་མགུ་རང་ཞིང་སོང་ངོ་། ༤༢ ཡང་ཞག་རེ་བཞིན་མཆོད་ཁང་དང་ཁྱིམ་དུ་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པའི་ཆོས་རྒྱུན་ཆད་མེད་པར་བཤད་དོ༎